སྡེ་ཚན་དུ་མ་ཡུལ་སྐོར་འོས་སྦྱོར་དཔོན་བྱས་ནས་རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་རྫས་དང་སྒེར་འཁོར་ཡུལ་སྐོར་གྱི་ལམ་ཐིག་མཚམས་སྦྱོར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2024ལོར་དམངས་སྤྱོད་མཁའ་འགྲུལ་གྱི་དབྱར་དུས་ཀྱི་འགྲུལ་སྐྱེལ་བསླེབ་ལ་ཉེ་བའི་དུས་འདིར།  རང་ཞིང་གི་ཡུལ་སྐོར་དཔལ་འབྱོར་གོང་སྤེལ་ལ་སྔར་ལས་རམ་འདེགས་དང་།  “མགྲོན་པོ་མཚོ་སྔོན་དུ་འགུག་པའི”ཞབས་ཞུ་ལེགས་པོ་བསྒྲུབ་ཆེད།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཁུལ་དང་གྲོང་ཁྱེར་ཁག་གི་རིག་གནས་ཡུལ་སྐོར་ཅུས།  མཚོ་སྔོན་གནམ་ཐང་ཀུང་སི། མཚོ་སྔོན་མཁའ་འགྲུལ་ཡུལ་སྐོར་མནའ་འབྲེལ་སོགས་སྡེ་ཚན་དུ་མ་ཡུལ་སྐོར་འོས་སྦྱོར་དཔོན་དུ“སྤྲུལ”ནས་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་རྫོང་དུ་བརྗོད་བྱང་ལ“སེམས་ཤུགས་གཅིག་བསྡུས། མ་འོངས་མཉམ་བསྐྲུན”ཞེས་པའི་མཚོ་སྔོན་གྱི2024ལོའི་དབྱར་དུས་ཀྱི་མཁའ་འགྲུལ་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཕྱིའི་ཡུལ་སྐོར་བ་སྔར་ལས་མང་པོ་རབ་མཛེས་མཚོ་སྔོན་འགུག་ཅི་ཐུབ་བྱས། དེ་ནི་ཟླ3ཚེས28ཉིན་གསར་འགོད་པས་མཚོ་སྔོན་གནམ་ཐང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།

འོས་སྦྱོར་ཚོགས་འདུའི་སྟེང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་རྫས་དང་སྒེར་འཁོར་ཡུལ་སྐོར་གྱི་ལམ་ཐིག་ཐོག་མར་འོས་སྦྱོར་བྱས་རྗེས། ཧོར་གྲོང་རྫོང་རིག་གནས་ཡུལ་སྐོར་ཅུས་དང་། མཚོ་སྔོན་པོ་ཡུལ་སྐོར་གོང་སྤེལ་སྡེ་ཤོག་སོགས་སྡེ་ཚན་གྱི་འོས་སྦྱོར་དཔོན་གྱིས་ཀྱང་འོས་སྦྱོར་བྱས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ད་ལོའི་དབྱར་དུས་ཀྱི་མཁའ་འགྲུལ་དུས་བཟང་ལ། མཚོ་སྔོན་གནམ་ཐང་ཀུང་སིས་མཁའ་འགྲུལ་ཀུང་སིར་མཉམ་འབྲེལ་བྱས་ནས་མཁའ་ལམ་དྲ་བར་སྙོམས་སྒྲིག་ལེགས་པོ་བྱས་པས།  མཚོ་སྔོན་གྱི་མཁའ་འགྲུལ་གཉེར་མཁན་ཀུང་སི25ལ་བསླེབས་ཤིང་།  གྲོང་ཁྱེར61ལ་ཤར་གཏོང་ཐུབ་པ་དང་། གནམ་གྲུ་ཤར་གཏོང་དང་སྟབས་བདེ་ཡི་ཚད་ཇེ་མཐོར་བཏང་།  ཟི་ལིང་གནམ་ཐང་གི་ཤར་གཏོང་བྱེད་ས་གྲོང་ཁྱེར25ལ་ཉིན་རེར་གནམ་གྲུ་ཐེངས2ཡན་ལ་གཏང་ཐུབ་པར་མ་ཟད། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དྲུག་ཡོངས་ལ་ཤར་གཏོང་ཐུབ།   དེ་ཡང་ཁྲེང་ཏུའུ་བར་ཉིན་རེར་གནམ་གྲུ་ཐེངས10ཡན་གཏང་བ་དང་། ཧྲང་ཧའེ་བར་ཉིན་རེར་གནམ་གྲུ་ཐེངས9ཡན་ལ་གཏང་རྒྱུ།  པེ་ཅིང་དང་ཀྲེན་ཀྲོའུ། ཞི་ཨན་བར་ཉིན་རེར་གནམ་གྲུ་ཐེངས7ཡན་གཏང་རྒྱུ།  ནན་ཅིན་དང་ཝུའུ་ཧན་བར་ཉིན་རེར་ཐེངས5ཡན།  ཁྲང་ཧྲ་དང་། ཧང་ཀྲོའུ།  ཁུན་མེང་།  ཅི་ནན། ཐིན་ཅིན་སོགས་སུ་ཉིན་རེར་གནམ་གྲུ་ཐེངས4ཡན་གཏང་རྒྱུ་དང་།  ཡུལ་སྐོར་སྐུ་མགྲོན་གྱི་ཉིན་ཧྲིལ་བོའི་དགོས་མཁོ་བསྐང་ཆེད། ཞོགས་པ་ནས་ཉིན་གོང་། དགོང་མོའི་བར་དུ་གནམ་གྲུ་ཆག་མེད་དུ་གཏང་རྒྱུ།  གཞན་དབྱར་ཁ་བསླེབ་རྗེས་མཚོ་སྔོན་གནམ་ཐང་ཀུང་སིས་རྒྱ་ཆེའི་སྐུ་མགྲོན་རྣམས་ལ་ཕན་འབྲས་མཐོ་ཞིང་། བར་ཁྱད་མེད་པ།  ས་ཚིགས་གཅིག་གི“འགྲོ་ལུགས་ཐེངས་གཅིག་དང་། ཞིབ་བཤེར་ཐེངས་གཅིག  ལམ་ཆས་ཐད་འགེལ” བཅས་ཀྱི་བར་བརྒྱུད་ཞབས་ཞུ་འདོན་རྒྱུ་མ་ཟད།  བཟའ་བཏུང་དང་སྡོད་ས། གནམ་ཐང་དུ་འགྲོ་འོང་། ལམ་ཆས་ཉར་འཇོག་བཅས་ཀྱི་རིན་པ་མི་ལེན་པ་དང་།  འདུག་གནས་ལེགས་ཤོས་ཀྱི་དམངས་ཕན་ངལ་གསོ། གནམ་ཐང་ཐོག་ཁང་གི་དམངས་ཕན་ཉོ་ཚོང་བཅས “རིན་མེད་བཞི་དང་དམངས་ཕན་གཉིས” ཀྱི་ཞབས་ཞུ་འདོན་རྒྱུ་ཡིན་པས།  གནམ་གྲུ་མཚོ་སྔོན་གནམ་ཐང་ནས་འཕུར་སྐྱོད་བྱེད་མཁན་སྐུ་མགྲོན་གྱི“ཟས་སྡོད་འགྲོ་སྐྱོད”ཡོངས་ལ་ཞབས་ཞུ་སྣ་མང་འདོན་རྒྱུ་རེད། 

ཐེངས་འདིའི་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་བསྡུས་པ་དེ་མཚོ་སྔོན་གྱི་མཁའ་འགྲུལ་ཡུལ་སྐོར་མནའ་འབྲེལ་ཁོངས་མིར་གྱུར་བའི་ལས་ཁུངས་ཀྱིས་མཉམ་ལས་མཉམ་སྤེལ་འཚོལ་ཞིབ་དང་། གཉིས་ཕན་མཉམ་རྒྱལ་གྱི་མགོ་བརྩམས་ས་རུ་གྱུར་ཡོད། མཚོ་སྔོན་མཁའ་འགྲུལ་ཡུལ་སྐོར་མནའ་འབྲེལ་གྱིས་མུ་མཐུད་དུ་རང་ཞིང་གི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཞབས་ཞུ་སྣེ་འཁྲིད་དུ་བཟུང་སྟེ།  མཁའ་འགྲུལ་ཡུལ་སྐོར་ཁེ་ལས་བྱེད་པོ་དང་། ཐོན་ཁུངས་ལེགས་སྒྲིག་རྨང་གཞི།  ཐོན་རྫས་ཇུས་འགོད་དང་མཉམ་ལས་གཉེར་སྐྱོང་སྙིང་བོ།  རིན་ཐང་གསར་གཏོད་དང་མཉམ་སྤྱོད་དམིགས་འབེན་བཅས་སུ་བཟུང་སྟེ།  ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་སྐུ་མགྲོན་ཉིན་རེར་འཕེལ་བའི་མཁའ་འགྲུལ་ཡུལ་སྐོར་གྱི་དགོས་མཁོ་བསྐང་རྒྱུ་མ་ཟད།  རང་ཞིང་གི་མཁའ་འགྲུལ་ཡུལ་སྐོར་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བར་སྐུལ་འདེད་གཏང་རྒྱུ་རེད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།