ལོ30རྗེས་སུ་དུག་འཚོང་བརྒྱབ་ནས་ཡང་བསྐྱར་ཁྲིམས་ལ་ཚུད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

1992ལོའི་ཟླ5པའི་ཚེས11ཉིན། མཱ་ལ་བཙོན་ཁང་ནས་ཕྱིར་བུད། མ་གཞིར། 1987ལོའི་ཟླ9པའི་ཚེས8ཉིན། མཱ་ལ་ཡིས་རྐུ་འཕྲོག་གི་ནག་ཉེས་བསགས་པས་མི་དམངས་ཁྲིམས་ཁང་གིས་དུས་བཙོན་ལོ5ཡི་ཉེས་ཆད་བཅད་པ་རེད། ལོ5ཡི་རིང་ཁྲིམས་ཆད་འཁུར་བ་དེས་ཁོའི་ནང་སེམས་ལ་བསྒྱུར་བཅོས་ཐེབས་ངེས་འདོད་མོད། འོན་ཀྱང་ལོ་ངོ30རྗེས་སུ་ཁོས་སླར་ཡང་རང་ཉིད་ཁྲིམས་ཀྱི་རྒྱ་རུ་བཅུག

2023ལོའི་ཟླ12པའི་ཚེས5ཉིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས་དུག་རྫས་བར་འཚོང་དང་སྐྱེལ་འདྲེན་གྱི་གྱོད་གཞི་ཞིག་ཞིབ་གཅོད་མཇུག་བསྒྲིལ་ཏེ།   གཏུག་ཡུལ་མཱ་ལ་ཡིས་དུག་རྫས་བར་འཚོང་གི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ4དང་སྒོར5000ཡི་ཆད་པ་བཅད།

དུག་འཚོང་ལམ་དུ་ཞུགས་པ།

བཙོན་ཁང་ནས་ཐོན་རྗེས་མཱ་ལར་གཏན་འཇགས་ཀྱི་ལས་ཀ་མེད་པས་འཚོ་བ་དཀའ་ངལ་གྱི་གནས་སུ་གྱུར། འུ་ཐུག་ཐབས་ཟད་ཀྱི་སྐབས་སུ། མཱ་ལ་ཡིས་ལས་ཀ་ཙག་ཙིག་རེ་བྱས་ནས་འཚོ་བ་འཁྱོལ་ཐབས་བྱས་པ་དང་། དེ་ལྟ་བུའི་འཚོ་བ་ཡུན་རིང་པོ་ཞིག་ལ་རྒྱུན་འཁྱོངས་བྱས། ཁོས་འཚོ་བ་དེ་ལྟར་རོལ་ན་སྙིང་བོ་མེད་པར་འདོད་ཅིང་། ལོ་མང་འགོར་རྗེས་ཁོའི་སྡིག་ཉེས་ཀྱི་ནང་སེམས་དེ་སླར་ཡང་ཕྱི་རུ་མངོན།

2023ལོའི་ལོ་སྟོད་དུ། མཱ་ལ་ཡིས་ལྟེས་དབང་གིས་ཕུ་བོ་ཆན(མིག་སྔར་ད་དུང་བདའ་འདེད་བྱེད་བཞིན་ཡོད)ཟེར་བ་ངོ་ཤེས། མཱ་ལ་ཡིས་ཕུ་བོ་ཆན་གྱིས་དུག་འཚོང་བྱས་ཏེ་ངལ་རྩོལ་ཅི་ཡང་མི་དགོས་པར་སྒོར་མོ་མང་པོ་འཚོལ་བཞིན་ཡོད་པ་དང་། རང་ཉིད་ཀྱིས་ལོ་མང་རིང་ལ་ལས་ཀ་ཙག་ཙིག་བྱས་ཀྱང་འཚོ་བ་འཁྱོལ་ཐབས་ཙམ་ལས་མི་འདུག་སྙམ་ནས།  ཁོས་ཕུ་བོ་ཆན་གྱིས་དུག་འཚོང་རྒྱག་བཞིན་པ་ཤེས་བཞིན་དུ་ཧམ་སེམས་ཀྱི་དབང་གིས་རང་ཉིད་བཙོན་ར་ནས་ལོ་མང་བསྡད་པ་ཡང་གཏིང་ནས་བརྗེད། 

 ཆན་ཆེ་གེ་ནི་མི་སྣ་ལྐོག་གྱུར་བ་ཞིག་སྟེ། མི་ཚང་མས་ཁོས་དུག་འཚོང་གཉེར་བཞིན་ཡོད་པ་ལས་ཁོའི་ཐོབ་ཐང་ངོ་མ་དེ་སུ་ཞིག་གིས་ཀྱང་མི་ཤེས།  ཁོའི་འགྲོ་འདུག་ཀྱང་དེ་བཞིན་ལྐོག་གྱུར་བ་ཞིག་རེད།  ཁོ་གཏོང་ཕོད་ཆེ་ཞིང་རྗེས་འབྲངས་པ་མང་ལ། མཱ་ལ་ནི་དེ་དག་གི་གྲས་ཀྱི་གཅིག་གོ །

 

དུས་ཚོད་ངེས་ཅན་ཞིག་འགོར་རྗེས། མཱ་ལ་ཡི་ཚོང་ལས་གཉེར་ནས་རིམ་བཞིན་ཡོང་འབབ་ཡང་མི་ཉུང་བ་འདུག ནམ་རྒྱུན་མཱ་ལ་ཡིས་ཕུ་བོ་ཆན་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་ལ་ད་དུང་རྟག་ཏུ་རོལ་རྩེད་ཁང་ཁ་ཤས་སུ་འགྲོ་འོང་བྱས་ནས་དུག་རྫས་ཉོ་མཁན་འཚོལ་བཞིན་ཡོད། རིམ་བཞིན་ཁོང་ལ་དུག་རྫས་ཚོང་ལས་ཁྲོད་དུ་སྐད་གྲགས་ཆུང་ཙམ་ཡོད་ལ་དུག་རྫས་ཉོ་མཁན་ཡང་དེ་དང་ཆབས་ཅིག་ཇེ་མང་དུ་སོང་ནས་མི་མང་པོ་ཞིག་གིས་ཁོར་ཕུ་བོ་མཱ་ཞེས་འབོད་ཀྱིན་ཡོད། ཁེ་བཟང་ཁ་ཤས་རེག་རྗེས་མཱ་ལ་ཡིས་རང་ཉིད་ཀྱིས་ཐད་ཀར་མི་གཞན་ལ་དུག་རྫས་བཙོངས་ན་ཉེན་ཁ་ཡོད་པར་སྙམ་ནས་ཉེ་འགྲམ་གྱི་མིར་དོ་སྣང་བྱས་ཏེ་བར་མི་ཞིག་འཚོལ་གྲབས་བྱས།

དེ་ལྟར་མཱ་ཧ་ཁོའི་མིག་དབང་དུ་ཚུད་སོང་།

“མཱ་ཧ། ཁྱོད་ཀྱིས་ང་ལ་དོན་དག་འདི་དག་བསྒྲུབ་རོགས་བྱོས་དང་། ངས་ཁྱོད་ལ་དུག་རྫས་མཁོ་འདོན་བྱ། ཁྱོད་ཀྱིས་ཉོ་འཚོང་གི་ཁྲོད་ནས་ཁེ་བཟང་བླངས་ཆོག”

“སྤུན་ཟླ། ངས་དུག་འཚོང་གཉེར་ནས་ཁྱོད་ལ་རོགས་བྱས་ཆོག”

“ཁྱོད་ཀྱིས་ངའི་གནས་ཚུལ་ལ་སྒུག་དང་། ངས་ཁྱོད་སྒེར་ནས་འབྲེལ་བ་བྱ”

2023ལོའི་ཟླ5པའི་ཚེས7ཉིན་གྱི་དགོང་མོར།  ཧན་པིན་གྱིས་ཕྱོགས་མང་པོ་ནས་རྩད་གཅོད་བྱས་པ་བརྒྱུད། མཱ་ཧ་བཙལ་ཏེ་དུག་རྫས་འགའ་ཉོ་འདོད་ཟེར། ལན་ཐག་ཆོད་ཅིག་འབྱོར་རྗེས། ཧན་པིན་གྱིས་འཕྲལ་མར་ལག་ཁྱེར་ཁ་པར་བརྒྱུད་དེ་མཱ་ཧ་ལ་དངུལ་མང་པོ་ཞིག་བསྐུར། མཱ་ཧ་ཡིས་དུག་རྫས་ཧན་པིན་ལ་སྤྲད་དེ་དངུལ་གྱི་ཁྲོད་ནས་ཁག་གཅིག་རང་ཉིད་ཀྱིས་བླངས་རྗེས། དངུལ་ལྷག་མ་རྣམས་མཱ་ལ་ལ་བརྒྱུད་སྤྲོད་བྱས། ཐེངས་དེའི་དུག་རྫས་ཉོ་འཚོང་དེ་དེ་ལྟར་ལེགས་འགྲུབ་བྱུང་། ཟླ5པའི་ཚེས24ཉིན།  མཱ་ལ་ཡིས་ཡང་མཱ་ཧ་དང་དུག་རྔུབ་མི་སྣ་ཡེ་ཆིན་བརྒྱུད་ནས་དུག་འཚོང་ཐེངས་ཤིག་ལེགས་འགྲུབ་བྱུང་། 

 

ཁྲིམས་ཀྱི་རྒྱ་རུ་ཚུད་པ།

2023ལོའི་ཟླ7པའི་ཚེས24ཉིན་གྱི་ཞོགས་པར། ཡེ་ཆིན་ཡང་བསྐྱར་མཱ་ཧ་བཙལ་དུ་ཡོང་ནས་དུག་རྫས་ཉོས། དཔའ་ལུང་རྫོང་སྤྱི་བདེ་ཅུའུ་དུག་འགོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སྔ་མོ་ནས་ཁོ་གཉིས་ལ་ལྟ་རྟོག་བྱས་ཏེ་ཡུན་རིང་འགོར་ཡོད་ལ། མགྱོགས་མྱུར་ངང་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱོར་སྲིད་པ་ནི་ཁོ་གཉིས་ཀྱིས་གཏན་ནས་ཤེས་ཀྱིན་མེད།

ཉིན་དེའི་ཆུ་ཚོད18ཡོལ་ཙམ་ལ། མི་དམངས་ཉེན་རྟོག་པས་མཱ་ལ་འཛིན་བཟུང་བྱས་པ་དང་འབྲེལ་ཁོའི་ལག་ནས་ཅ་ཅི་པན་པིང་ཨན(མིང་ལ་འཁྱགས་དུག་ཟེར)ཁེ0.315རྩད་ཆོད། མི་དམངས་ཉེན་རྟོག་པས་མཱ་ལ་ཡི་རླངས་འཁོར་དང་སྡོད་ཁང་ལ་ཞིབ་བཤེར་བྱས་རྗེས་འཁྱགས་དུག་ཁྱོན་ཁེ4.668རྩད་ཆོད་པ་དང་། ད་དུང་གྱོད་གཞི་བཟོ་བའི་ལག་ཁྱེར་ཁ་པར་ཞིག་དང་དུག་འཐེན་ཡོ་བྱད23སོགས་རྩད་ཆོད། དོགས་ཡོད་ཉེས་ཅན་མཱ་ལ་ཡིས་དུག་རྫས་འཚོང་བའི་ཉེས་སྐྱོན་གྱི་ཐད་ནས་དཔའ་ལུང་རྫོང་སྤྱི་བདེ་ཅུའུ་ཡིས་གྱོད་གཞི་དེ་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་བྱ་རྒྱུར་སྤྲད་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས་ཁྲིམས་ལྟར་གཞུང་གཏུག་བྱས།

2023ལོའི་ཟླ12པའི་ཚེས15ཉིན། དཔའ་ལུང་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་རྗེས། གཏུག་ཡུལ་མཱ་ལ་ཡིས་རྒྱལ་ཁབ་ཀྱི་དུག་རྫས་དོ་དམ་ཁྲིམས་སྲོལ་དང་འགལ་ཏེ་མི་གཞན་ལ་ཅ་ཅི་པུན་པིང་ཨན་ཐེངས་མང་པོར་བཙོངས་པའི་ནག་ཉེས་ཚབས་ཆེ་ལ། ཁོའི་བྱ་སྤྱོད་ནི་དུག་རྫས་བཙོངས་པའི་ནག་ཉེས་སུ་གྲུབ་པར་མ་ཟད། ད་དུང་གཏུག་ཡུལ་མཱ་ལ་ཉེས་གསོག་གི་ཁྲིམས་ཆད་ཕོག་མྱོང་ཡོད་པས། གནས་ཚུལ་ལ་གཞིགས་ཏེ་ཉེས་ཆད་ལྕི་མོ་བཅད་ཆོག ཡིན་ནའང་ཁོས་གནས་ཚུལ་སྦ་གསང་མེད་པར་ཁས་བླངས་པས་ཉེས་ཆད་ཇེ་ཡང་དུ་བཏང་ཆོག 

མཇུག་མཐར་ཁྲིམས་ལྟར་གཏུག་ཡུལ་མཱ་ལ་ཡིས་དུག་རྫས་ཉོ་འཚོང་གི་ནག་ཉེས་བཟོས་པར་དུས་བཀག་བཙོན་འཇུག་ལོ4དང་སྒོར5000ཡི་ཆད་པ་བཅད་ལ། ཁྲིམས་འགལ་ཐོབ་ཆ་རྒྱལ་མཛོད་ལ་གོང་འབུལ་ཞུས་པ་དང་། རྩད་ཆོད་པའི་དུག་རྫས་ཡོངས་རྫོགས་དང་དེ་བཞིན་དུག་འཚོང་ཡོ་བྱད་ཚང་མ་གཞུང་བཞེས་བྱས་པ་རེད།

(གྱོད་དཔེའི་ཁྲོད་དུ་བརྫུས་མིང་བཀོད་ཡོད)

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།