མགྲོན་པོར་ཟ་ཁང་དུ་མི་གཞན་གྱིས་གཅར་རྡུང་བྱས་ན་འགན་སུས་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གྱོད་དཔེ།

ཀླུ་འབུམ་ནི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་ཞིང་། ཉིན་ཞིག་ལ་ཁོས་རླངས་འཁོར་བསྐོར་མཚམས་བཞག་སྟེ་རླངས་འཁོར་ཕྱིར་ཀུང་སིར་སྤྲད་རྗེས། ཟ་ཁང་ཞིག་ཏུ་ཡོང་ནས་སྦི་རག་དམ་བུ་གཅིག་དང་བ་དམ་སྡེར་མ་གང་བླངས་ཏེ། ཟ་འཐུང་བྱེད་པའི་སྐབས་དེར་ན་གཞོན་སྐོར་ཞིག་ཀྱང་ཟ་ཁང་དེར་ཐོན་བྱུང་། ཁོ་ཚོའི་ཁྲོད་ཀྱི་མི་གཅིག་གིས་སེམས་ཆུང་མ་བྱས་པར་ཀླུ་འབུམ་གྱི་ཅོག་ཙེ་ལ་འཐོགས་ནས་བ་དམ་སྡེར་མ་གང་བོ་ས་རུ་ལྷུང་དུ་བཅུག ན་གཞོན་དེས་ཀླུ་འབུམ་ལ་དགོངས་དག་གི་སྐད་ཆ་ཅི་ཡང་མ་བཤད་པས། ཀླུ་འབུམ་མི་དེའི་གམ་དུ་སོང་ནས་གནས་ལུགས་ཀྱི་སྐད་ཆ་འགའ་བཤད་མ་ཐག མ་བསམ་ས་ནས་ན་གཞོན་དེས་མི་གཞན་པ་བསྡུས་ནས་ཀླུ་འབུམ་ལ་གཅར་རྡུང་བྱས། ཟ་ཁང་སྦྱིན་བདག་གིས་ཁོ་ཚོའི་བར་འགོག་རྒྱུ་ལྟ་ཞོག དུས་ཐོག་ཏུ་ཉེན་རྟོག་པར་གྱོད་དོན་སྙན་སེང་ཡང་མ་ཞུས་ཤིང་། ཀླུ་འབུམ་ལ་རྨས་སྐྱོན་བཟོས་རྗེས་ན་གཞོན་དེ་དག་བྲོས་སོང་།

བཅའ་ཁྲིམས་དབྱེ་ཞིབ།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན1198པའི་གཏན་འབེབས་ལྟར་ན། མགྲོན་ཁང་དང་ཟ་ཁང་། རོལ་རྩེད་ཁང་། སྤྱི་སྤྱོད་འགྲིམ་འགྲུལ་སོགས་གཉེར་སྐྱོང་བྱེད་བཞིན་པའི་གཉེར་སྐྱོང་པ་དང་། ཡང་ན་མང་ཚོགས་རང་བཞིན་གྱི་བྱ་འགུལ་རྩ་འཛུགས་བྱེད་མཁན་གྱིས། ཁྲིམས་ལྟར་བདེ་འཇགས་འགན་སྲུང་འོས་འགན་བསྒྲུབ་དགོས། བདེ་འཇགས་འགན་སྲུང་འོས་འགན་མ་བསྒྲུབས་པར་མི་གཞན་ལ་གནོད་སྐྱོན་བཟོས་ཚེ་དབང་གནོད་འགན་འཁྲི་འཁུར་དགོས། འོན་ཀྱང་། གལ་ཏེ་ཕུང་གསུམ་པའི་བྱ་སྤྱོད་ཀྱིས་མི་གཞན་ལ་གནོད་སྐྱོན་བཟོས་པ་ཡིན་ཚེ། ཕུང་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས་ཤིང་། བདེ་འཇགས་འགན་སྲུང་འོས་འགན་མ་བསྒྲུབས་པའི་གཉེར་སྐྱོང་པ་དང་དོ་དམ་པའམ། ཡང་ན་རྩ་འཛུགས་བྱེད་མཁན་གྱིས་འོས་འཚམ་གྱི་ཁ་གསབ་འགན་འཁྲི་འཁུར་པས་ཆོག་པར་མ་ཟད། ད་དུང་འགན་འཁྲི་འཁུར་རྗེས་ཕུང་གསུམ་པར་སྐྱིན་ཚབ་བདའ་འདེད་བྱས་ཀྱང་ཆོག གྱོད་དོན་འདིའི་ཁྲོད་དུ། ཀླུ་འབུམ་ལ་ཟ་ཁང་ནང་དུ་གཅར་རྡུང་བྱེད་སྐབས་ཟ་ཁང་སྦྱིན་བདག་གིས་བཀག་འགོག་བྱས་མེད་ལ་གྱོད་དོན་སྙན་སེང་ཡང་ཞུས་མེད་པས། ཀླུ་འབུམ་ལ་རྨས་སྐྱོན་ཕོག་པ་ཡིན་ཞིང་། འདི་ལས་བདེ་འཇགས་འགན་སྲུང་འོས་འགན་མ་བསྒྲུབས་པ་གསལ་པོར་ཤེས་ཐུབ། གྱོད་དོན་འདིའི་ཁྲོད་དུ་བདེ་འཇགས་འགན་སྲུང་འོས་འགན་མ་བསྒྲུབས་པའི་ཟ་ཁང་གིས། གནོད་འཚེ་སྔོན་འགོག་གམ་ཡང་ན་བཀག་འགོག་བྱེད་ཐུབ་པའི་ཁྱབ་ཁོངས་ནང་། འོས་འཚམ་གྱི་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་ཤིང་། ཟ་ཁང་གིས་འགན་འཁྲི་ཁུར་རྗེས་ཀླུ་འབུམ་ལ་གཅར་རྡུང་བྱེད་མཁན་གྱི་ན་གཞོན་དེ་དག་ལ་སྐྱིན་ཚབ་བདའ་འདེད་བྱ་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།