ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་ཡི་གེ་ཇི་ལྟར་འཇོག་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ནི་ལུང་བཟང་སྡེ་བའི་སྡེ་མི་དཀྱུས་མ་ཞིག་ཡིན་ཞིང་། ད་ལོ་ལོ60ལ་བུད་མ་ཐག་ཡིན་ལ་ལུས་ཕུང་གི་གནས་ཚུལ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཡིན་པའི་ཁར། ན་ནིང་ལོར་ནང་ལོགས་སུ་ཞོར་ལས་འཚོལ་བཞིན་པའི་བུ་གཉིས་ཀ་སྔ་གཞུག་ཏུ་དོན་རྐྱེན་བྱུང་སྟེ་ཚེ་ལས་འདས་པས་ང་གཅིག་པུ་ཁེར་རྐྱང་དུ་ལུས། དེར་བརྟེན། ངས་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལ་གཞིགས་ཏེ། རྫོང་ཐོག་ཏུ་སྒེར་གྱི་རྒན་གསོ་ཁང་ཞིག་བཙལ་བ་དེའི་ཆ་རྐྱེན་དང་སྒྲིག་ཆས་སོགས་ཕྱོགས་གང་ཅིའི་ཐད་ནས་ཤིན་ཏུ་བཟང་ཞིང་། ད་དུང་དུས་རྒྱུན་རྒན་པ་རྣམས་ལ་འོས་འཚམས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་གཤིས། ངས་ཡང་དང་བསྐྱར་དུ་བསམ་བློ་བཏང་མཐར་གཞི་ནས་རྒན་གསོ་ཁང་དེ་གར་རེ་བ་བཏོན་ཏེ། ཁོ་བོའི་ཚེ་མཇུག་གི་འཚོ་བར་ཞབས་ཏོག་བཟང་པོ་བསྒྲུབས་ན་རང་ཉིད་ཚེ་ལས་འདས་རྗེས། རྒན་གསོ་ཁང་གིས་ཤུལ་ནོར་ཤུལ་འཛིན་བྱས་ཆོག་པའི་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་བཞག ཡིན་ན་ཡང་ངའི་གྲོགས་པོས་ང་ལ་བཤད་རྒྱུར་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་ཞབས་ཏོག་སྒྲུབ་མཁན་ནམ་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་ཁོ་ན་མ་གཏོགས་བཞག་མི་ཆོག་པ་དང་། རྒན་གསོ་ཁང་དེ་ག་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་འཇོག་པའི་ཆ་རྐྱེན་དང་མི་མཐུན་པར་བཤད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་ཇི་ལྟར་འཇོག་དགོས།

ཞེས་དཔལ་མགོན་གྱིས།

བློ་མཐུན་དཔལ་མགོན་ལགས།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》མ་བཟོས་པའི་སྔོན་དུ།རང་རྒྱལ་གྱི《ཤུལ་འཛིན་བཅའ་ཁྲིམས》ཀྱི་དོན་ཚན31པའི་གཏན་འཁེལ་ལྟར་ན། “སྤྱི་དམངས་ཀྱིས་ཞབས་ཏོག་སྒྲུབ་མཁན་དང་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་བཞག་ཆོག གྲོས་མཐུན་ལྟར་ན། ཞབས་ཏོག་སྒྲུབ་མཁན་གྱིས་སྤྱི་དམངས་གསོ་སྐྱོང་དང་དུར་འཇུག་བྱེད་པའི་འགན་འཁྲི་འཁུར་དགོས་ལ་དེའི་ཤུལ་འབུལ་དང་ལེན་བྱེད་དབང་ཡང་ཡོད། སྤྱི་དམངས་ཀྱིས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་དང་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་བཞག་ཆོག གྲོས་མཐུན་ལྟར་ན། ཐུན་མོང་ལ་དབང་བའི་ལམ་ལུགས་རྩ་འཛུགས་ཀྱིས་སྤྱི་དམངས་གསོ་སྐྱོང་དང་དུར་འཇུག་བྱེད་པའི་འགན་འཁྲི་འཁུར་དགོས་ལ་དེའི་ཤུལ་འབུལ་དང་ལེན་བྱེད་དབང་ཡང་ཡོད”ཅེས་བཀོད་ཡོད། དེར་བརྟེན། སྔོན་གྱི《ཤུལ་འཛིན་བཅའ་ཁྲིམས》ཀྱི་གཏན་འཁེལ་ལྟར་ན། ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་ནི་ཞབས་ཏོག་སྒྲུབ་མཁན་ནམ་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྩ་འཛུགས་ཁོ་ན་མ་གཏོགས་བཞག་མི་ཆོག་ཅིང་། ཡིན་ན་ཡང2021ལོར་ནུས་ལྡན་བྱུང་བའི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1158པར་གཏན་འཁེལ་གསལ་པོ་བྱས་དོན། “རང་བྱུང་མིས་ཤུལ་འཛིན་མཁན་ཕན་ཆད་ཀྱི་རྩ་འཛུགས་སམ་མི་སྒེར་ལ་ཤུལ་འབུལ་གྲོས་མཐུན་བཞག་ཆོག གྲོས་མཐུན་ལྟར་ན། དེའི་རྩ་འཛུགས་སམ་མི་སྒེར་གྱིས་རང་བྱུང་མི་གསོ་སྐྱོང་དང་དུར་འཇུག་གི་འགན་འཁྲི་འཁུར་དགོས་ལ་ཤུལ་འབུལ་དང་ལེན་བྱེད་དབང་ཡོད”ཅེས་བཀོད་ཡོད། ཡང་ཅིག་བཤད་ན།《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་འོག་རང་བྱུང་མིས་ཤུལ་འཛིན་མཁན་ཕན་ཆད་ཀྱི་རྩ་འཛུགས་སམ་མི་སྒེར་ལ་ཤུལ་འབུལ་གྲོས་མཐུན་བཞག་ཆོག 《དམངས་དོན་ཁྲིམས་གཞུང》གིས་རང་རྒྱལ་གྱི་རྒན་པོའི་ཁེ་ཕན་ལ་བསམ་བློ་གང་ལེགས་བཏང་སྟེ། སྔོན་གྱི《ཤུལ་འཛིན་བཅའ་ཁྲིམས》བཟོ་བཅོས་བྱས་ནས་རྒན་གསོའི་རེ་འདུན་བསྐངས་ཡོད། གོང་གི་གྱོད་དོན་འདིའི་ཁྲོད་དུ། ཁྱོད་ཀྱིས་ཤུལ་འཛིན་མཁན་ཕན་ཆད་ཀྱི་རྩ་འཛུགས་གང་རུང་ངམ་མི་སྒེར་ལ་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་བཞག་ཆོག་ལ། སྒེར་གྱི་རྒན་གསོ་དེ་གར་ཤུལ་འབུལ་གྲོས་མཐུན་བཞག་ཆོག་པ་དང་། ཁྱོད་ཀྱི་གྲོགས་པོའི་བཤད་སྟངས་དེ་ཡང་དག་ཅིག་མིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།