ཤིང་ཏོག་ངང་ལག་མའི་ཤུན་ལྤགས་ཀྱིས་མིའི་པགས་པའི་འབྲས་སྐྲན་ལ་བརྟག་དཔྱད་བྱ་ཐུབ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཡེ་ཤེས་སྒྲོལ་མ།

《འཚོལ་ཞིབ》དུས་དེབ་སྟེང་བཀོད་པ་ལྟར་ན། ཤིང་ཏོག་ངང་ལག་མའི་ཤུན་ལྤགས་སྟེང་གི་ནག་ཐིག་དེས་མིའི་རིགས་ཀྱི་པགས་པའི་འབྲས་སྐྲན་ལ་མགྱོགས་མྱུར་ངང་བརྟག་དཔྱད་བྱས་ནས། པགས་པའི་འབྲས་སྐྲན་ཕོག་མཁན་ཚོའི་གསོན་ཚད་ཇེ་མཐོར་གཏོང་ཐུབ་པ་ཡིན་ཟེར།

དེ་ཡང་། ཤིང་ཏོག་ངང་ལག་མ་སྨིན་ཚེ་ཤུན་ལྤགས་ངོས་ཀྱི་ནག་ཐིག་ཆུང་ཆུང་རྣམས་ཇེ་མང་དུ་འགྲོ་བ་དེ་ནི་ཕྱུར་ཨེན་སྐྱུར་རྩབས་ལས་བསླངས་པ་ཡིན་ལ། རྒྱུས་ལོན་བྱུང་བ་ལྟར་ན། མིའི་རིགས་ཀྱི་སྐྱི་ལྤགས་ནང་དུའང་ཕྱུར་ཨེན་རྩབས་འདུས་པས། གལ་ཏེ་མི་ལུས་ཀྱི་ཕྱུར་ཨེན་སྐྱུར་རྩབས་ཀྱི་སྟོན་གྲངས་དེ་ཚད་ལས་བརྒལ་ཚེ། མདོག་རྒྱུ་ནག་པོའི་ཤ་རྨེན་འབྱུང་ཞིང་དེ་ནི་བག་ཏུ་ཉར་བའི་པགས་པའི་འབྲས་སྐྲན་གྱི་རྣམ་པ་ཞིག་ཡིན།

ཚན་རིག་པའི་ཚོགས་ཆུང་ཞིག་གིས་ཤིང་ཏོག་ངང་ལག་མའི་ཤུན་ལྤགས་ནང་གི་ཕྱུར་ཨེན་སྐྱུར་རྩབས་དང་མིའི་པགས་པའི་འབྲས་སྐྲན་གཉིས་ཀྱི་ཐུན་མོང་རང་བཞིན་དེར་གཞིགས་ནས་འབྲས་སྐྲན་ལ་བྲཏག་བྱའི་བཤེར་ཆས་ཤིག་ཞིབ་བཟོ་བྱས་ཏེ་ཤིང་ཏོག་ངང་ལག་མའི་ཤུན་ལྤགས་ལ་གོམ་གང་མདུན་སྤོས་སྒོས་ཞིབ་འཇུག་དང་ཚོད་ལྟ་བྱས་པ་བརྒྱུད། མཇུག་མཐར་མིའི་པགས་པའི་གྲུབ་ཆར་ནུས་ལྡན་སྒོས་བརྟག་དཔྱད་བྱ་རྩིས་ཡོད་པ་རེད།

ཨ་རིའི་འབྲས་སྐྲན་རིག་པའི་སློབ་ཚོགས་ཀྱིས་གལ་ཏེ་པགས་པའི་འབྲས་སྐྲན་ཕོག་པའི་དུས་རིམ་དང་པོར་ཕྱུར་ཨེན་སྐྱུར་རྩབས་ཡོད་པ་ཚོར་མ་ཐག་མགྱོགས་མྱུར་ངང་གསོ་བཅོས་བྱས་ན། 95%ཡི་ནད་པ་དག་ནད་དེ་ལས་ཐར་ཐུབ་པ་དང་། ཡང་དུས་རིམ་གསུམ་པའི་ནང་ཕྱུར་ཨེན་སྐྱུར་རྩབས་ཡོད་པ་ཚོར་ཚེ། 43%ཡི་ནད་པ་མ་གཏོགས་ནད་དེ་ལས་ཐར་མི་ཐུབ་པ་ཡིན་ཞེས་བསྟན་པའོ། །

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།