ཁ་ཆེམས་བཅོས་སྒྱུར་བྱས་ན་རྒྱུ་ནོར་དང་ལེན་བྱེད་དབང་ཡོད་དམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་དང་གཡང་མོ་གཉིས་ནི་སྡེ་བ་གཅིག་གི་སྡེ་མི་ཡིན་ཞིང་། ངའི་བཟའ་ཟླ་སྔ་མོ་ནས་འཇིག་རྟེན་དཀར་ངོགས་དང་བྲལ་ཟིན་པས། ང་གཅིག་པུས་ད་རག་བར་དུ་བུ་ཆུང་ལ་བདག་སྐྱོང་བྱས་ནས་ཡོང་བ་ཡིན། གཡང་མོས་ཀྱང་དེ་བཞིན་ཁེན་ས་བརྟེན་ས་ཅི་ཡང་མེད་པར་ཁེར་རྐྱང་གི་འཚོ་བ་རོལ་ནས་ལོ་གང་མང་ཞིག་འདས། དེར་བརྟེན། ངེད་གཉིས་ཀྱིས་རྟག་ཏུ་ཕན་ཚུན་ལ་རོགས་རམ་དང་བདག་སྐྱོང་བྱས་པའི་དབང་གིས་འབྲེལ་བ་ཤིན་ཏུ་བཟང་ཞིང་། གཡང་མོར་ཁོམ་སྐབས་རེ་བྱུང་དུས་ང་ལ་ཟ་མ་བསྐོལ་བ་དང་ལྭ་བཀྲུ་བ་སོགས་བྱེད་པས་མོས་ང་ལ་སེམས་འགུལ་ཐེབས་སུ་བཅུག་པ་ཐེངས་གཅིག་མིན། ཡིན་ན་ཡང་ངེད་གཉིས་ཀ་སྡེ་བའི་མི་ཁར་སྐྲག་སྟེ་ཁྱིམ་གཅིག་ཏུ་འདུག་མ་ཕོད། ཕྱིས་སུ་ང་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་བས་རང་ཉིད་ཚེ་ལས་འདས་ན་གཡང་མོ་གཅིག་པུས་རང་ཁ་གསོ་དཀའ་བར་བསམས་ནས་ཁ་ཆེམས་བཞག་སྟེ། རྒྱུ་ནོར་ཕྱེད་ཀ་གཡང་མོར་བྱིན་པར་མ་ཟད་མོས་ང་རང་ཚེ་ལས་འདས་རག་བར་དུ་བདག་སྐྱོང་ཡང་བྱ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་གཡང་མོ་ཁ་ཆེམས་ཀྱི་ནང་དོན་ལ་ཡིད་མ་ཚིམ་པར་བརྟེན། ང་ཁྱིམ་དུ་མེད་པའི་བར་གླགས་དང་བསྟུན་ནས་ཁ་རོག་གེར་ཁ་ཆེམས་ནང་དོན་བཅོས་སྒྱུར་བྱས་དོན། རྒྱུ་ནོར་ཡོད་ཚད་མོ་ལ་བྱིན་པ་ཡིན་ཞེས་བཅོས། རྗེས་སུ་ངས་གཡང་མོས་ཁ་ཆེམས་ནང་དོན་བཅོས་སྒྱུར་བྱས་པ་གསལ་པོར་ཤེས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཁ་ཆེམས་ནང་དོན་བཅོས་སྒྱུར་བྱས་ན་གཡང་མོའི་རྒྱུ་ནོར་དང་ལེན་བྱེད་དབང་མེད་སོང་བ་ཡིན་ནམ།

ཞེས་བློ་བརྟན་གྱིས།

བློ་མཐུན་བློ་བརྟན་ལགས།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1125པའི་གཏན་འཁེལ་ལྟར་ན། “ཤུལ་འཛིན་པར་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཤུལ་འཛིན་བྱེད་དབང་ཤོར་བ་སྟེ།(གཅིག) བསམ་བཞིན་དུ་ཤུལ་ནོར་འཇོག་མཁན་བསད་པ།(གཉིས) ཤུལ་བཞག་རྒྱུ་དངོས་འཕྲོག་ལེན་བྱ་ཆེད་ཤུལ་འཛིན་མཁན་གཞག་དག་བསད་པ།(གསུམ) ཤུལ་ནོར་འཇོག་མཁན་དོར་བའམ་དེ་ལ་མནར་གཅོད་བཏང་བའི་གནས་ཚུལ་ཚབས་ཆེན་ཡིན་པ།(བཞི) ཁ་ཆེམས་རྫུན་བཟོ་དང་གཡོ་བཅོས། སྦས་སྐུང་བཅས་བྱས་པའམ་ཁ་ཆེམས་མེད་པར་བཟོས་པའི་གནས་ཚུལ་ཚབས་ཆེན་ཡིན་པ།(ལྔ) མགོ་སྐོར་གཡོ་ལེན་དང་བཙན་ཤེད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཤུལ་ནོར་འཇོག་མཁན་གྱིས་ཁ་ཆེམས་འཇོག་པ་དང་བཅོས་སྒྱུར། ཕྱིར་འཐེན། བཙན་ཤེད་དམ་འགོག་རྐྱེན་བཟོས་པའི་གནས་ཚུལ་ཚབས་ཆེན་ཡིན་པ། ཤུལ་འཛིན་མཁན་ལ་གོང་འཁོད་ཀྱི་དོན་ཚན་གསུམ་པ་དང་ལྔ་པའི་བྱ་སྤྱོད་ཡོད་དེ། སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་ལྡན་ན། ཤུལ་ནོར་འཇོག་མཁན་གྱིས་གུ་ཡངས་བཏང་བའམ་ཁ་ཆེམས་ཁྲོད་ཤུལ་འཛིན་མཁན་དུ་བཞག་པའི་རིགས། ཤུལ་འཛིན་མཁན་དེ་ཤུལ་འཛིན་བྱེད་དབང་མི་ཤོར། ཤུལ་ནོར་དང་ལེན་བྱེད་མཁན་ལ་གོང་འཁོད་ཀྱི་དོན་ཚན་དང་པོའི་བྱ་སྤྱོད་ལྡན་ན་ཤུལ་ནོར་དང་ལེན་བྱེད་དབང་ཤོར་བ་ཡིན”ཞེས་བཀོད་ཡོད། ཡང་ཅིག་བཤད་ན། ཁ་ཆེམས་རྫུན་བཟོ་དང་གཡོ་བཅོས། སྦས་སྐུང་བཅས་བྱས་པའམ་ཁ་ཆེམས་མེད་པར་བཟོས་པའི་གནས་ཚུལ་ཚབས་ཆེན་ཡིན་པའི་རིགས་ནི་ཤུལ་ནོར་དང་ལེན་བྱེད་དབང་མེད་པར་འགྲོ་བའི་ཁྲིམས་བཀོད་ཀྱི་གནས་ཚུལ་རིགས་གཅིག་ཡིན།

གོང་གི་གྱོད་དོན་འདིའི་ཁྲོད་དུ།གཡང་མོས་ཁྱོད་ཀྱིས་བཞག་པའི་ཁ་ཆེམས་ཁྲོད་ཀྱི་རྒྱུ་ནོར་ཕྱེད་ཀ་ཡོད་ཚད་དུ་བསྒྱུར་བ་ནི།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང>གི་ཤུལ་འཛིན་སྐོར་གྱི་འགྲེལ་བཤད(དང་པོའི)སྤྱད་འཐུས》ཀྱི་དོན་ཚན9པའི་གཏན་འཁེལ་ལྟར་ན། “ཤུལ་འཛིན་མཁན་རྫུན་བཟོ་དང་གཡོ་བཅོས། སྦས་སྐུང་བཅས་བྱས་པའམ་ཁ་ཆེམས་མེད་པར་བཟོས་པ་དང་། ངལ་རྩོལ་བྱེད་ནུས་མེད་ལ་འཚོ་བའི་ཡོང་ཁུངས་ཀྱང་མེད་པའི་ཤུལ་འཛིན་མཁན་གྱི་ཁེ་ཕན་ལ་གནོད་འཚེ་བཟོས་པར་མ་ཟད་འཚོ་བར་དཀའ་ངལ་བཟོས་ཚེ།《དམངས་དོན་ཁྲིམས་གཞུང》གི་དོན་ཚན1125པའི་དོན་ཚན1པོའི་ཚན་པ4པའི་གཏན་འཁེལ་གྱི་གནས་ཚུལ་ཚབས་ཆེན་དུ་ངོས་འཛིན་དགོས”ཞེས་བཀོད་ཡོད། གཡང་མོས་ཁ་ཆེམས་ཀྱི་ནང་དོན་བཅོས་སྒྱུར་བྱས་པའི་བྱ་སྤྱོད་ཀྱིས་ཁྱོད་ཀྱི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོས་ཡོད་ལ། དེ་ནི་གནས་ཚུལ་ཚབས་ཆེན་ཡིན་པའི་རིགས་སུ་གཏོགས་པས། མོའི་ཤུལ་ནོར་དང་ལེན་བྱེད་དབང་ཤོར་བ་ཡིན། ཁྱོད་ཀྱི་ཤུལ་ནོར་ཁྲིམས་བཀོད་ཀྱི་ཤུལ་འཛིན་ལྟར་བསྒྲུབ་དགོས་ཏེ།ཁྱོད་ཀྱི་བུ་ཆུང་གིས་ཤུལ་འཛིན་བྱ་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།