ངལ་རྩོལ་པའི་ལས་ཡུན་ཇེ་རིང་དུ་གཏོང་ན་གཏན་འཁེལ་གང་དག་དང་མཐུན་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན41པའི་གཏན་འཁེལ་ལྟར་ན། “མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཐོན་སྐྱེད་གཉེར་སྐྱོང་གི་དགོས་མཁོའི་དབང་གིས་བཟོ་ཚོགས་དང་ངལ་རྩོལ་པར་གྲོས་མོལ་བྱས་རྗེས། བྱ་བའི་དུས་ཚོད་ཇེ་རིང་དུ་བཏང་ཆོག་ཅིང་། སྤྱིར་ན་ཉིན་རེར་ཆུ་ཚོད་གཅིག་ལས་བརྒལ་མི་ཆོག་སྟེ། དམིགས་བསལ་ཆ་རྐྱེན་གྱི་དབང་གིས་ལས་ཀ་བྱེད་ཡུན་ཇེ་རིང་དུ་གཏང་དགོས་ན། ངལ་རྩོལ་པའི་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱེད་པའི་ཆ་རྐྱེན་འོག ལས་ཡུན་ཉིན་རེར་ཆུ་ཚོད་གསུམ་ལས་བརྒལ་མི་ཆོག འོན་ཀྱང་། ཟླ་རེར་ཆུ་ཚོད36ལས་བརྒལ་མི་ཆོག”ཅེས་ བཀོད་ཡོད།《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན42པའི་གཏན་འཁེལ་ལྟར་ན། “གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ལས་ཡུན་ཇེ་རིང་དུ་གཏོང་བར་བཅའ་ཁྲིམས་འདིའི་དོན་ཚན41པའི་གཏན་འཁེལ་གྱིས་ཚོད་འཛིན་མི་ཐུབ་སྟེ།

(གཅིག) རང་བྱུང་གནོད་འཚེ་དང་ལས་འཛོལ་བྱུང་བའམ་རྒྱུ་རྐྱེན་གཞན་དག་གི་དབང་གིས་ངལ་རྩོལ་པའི་ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་ལ་འཇིགས་སྐུལ་བྱས་ནས་འཕྲལ་མར་ཐག་གཅོད་བྱ་དགོས་པའི་རིགས།

(གཉིས) ཐོན་སྐྱེད་སྒྲིག་ཆས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལམ། སྤྱིའི་སྒྲིག་བཀོད་བཅས་ལ་སྐྱོན་ཤོར་ནས་ཐོན་སྐྱེད་དང་སྤྱི་དམངས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཐེབས་ཏེ་ངེས་པར་དུས་ཐོག་ཏུ་མྱུར་བཅོས་བྱ་དགོས་པའི་རིགས།

(གསུམ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན”ཞེས་བཀོད་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།