མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས2ཉིན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་ཤེས་གསལ་ལྟར་ན། ཟླ1ཚེས3ཉིན་མཚོ་བོད་བར་ལམ་སྟེ(ཐང་བོད་གནའ་ལམ)བོད་སྐྱོད་སྒེར་འཁོར་ཡུལ་སྐོར་ལམ་ཐིགG345ཡང་བསྐྱར་ལེགས་སྒྱུར་རིམ་སྤར་བྱས་རྗེས། སྒེར་འཁོར་ཡུལ་སྐོར་བ་སྐོར་ཐོག་མ་བསུས་ཤིང་། ཁོ་ཚོ་ལམ་ཐིག་གཉིས་དང་ས་ཚིགས25བརྒྱུད་དེ་ཡུལ་ཤུལ་གྱི་མཛེས་ལྗོངས་ལ་ཉམས་སུ་མྱོང་རྒྱུ་རེད།
ཤེས་གསལ་ལྟར་ན། ཟླ1ཚེས3ཉིན་ནས་ཚེས4ཉིན་བར་ཡུལ་ཤུལ་གྲོང་ཁྱེར་དང་རྫ་སྟོད་རྫོང་གཉིས་ནས་ལམ་ལ་ཆས་ཤིང་། བར་དུ་ སྦྲ་ཆེན་རྫོང་དང་། འབྲི་རུ་རྫོང་། ནག་ཆུ་གྲོང་ཁྱེར་སོགས་བརྒྱུད་མཐར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལ་བསླེབ་པ་ཡིན། ལམ་ཐིག་འདི་བརྒྱུད་པའི་ལམ་དུ། ཡུལ་སྐོར་བ་ཚོས་མཚོ་བོད་མཐོ་སྒང་གི་ཡིད་དུ་འོང་བའི་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཉམས་སུ་མྱོང་ཐུབ་པའི་སྐལ་བ་ལྡན་པར་མ་ཟད། མཐོ་སྒང་གི་མི་མངོན་ཟབ་སར་གནས་པའི་མཆོག་ནོར་འཚོལ་ཞིབ་དང་། ལམ་རྒྱུད་ཀྱི་གནས་མཆོག་དང་གནའ་ཤུལ་ལའང་མཇལ་ཐུབ།
རྒྱུས་ལོན་པ་ལྟར་ན། ལམ་ཐིག G345ལས་མཚོ་སྔོན་རྫ་སྟོད་མཚམས་དང་G317ལས་བོད་ལྗོངས་ཀྱི་སྦྲ་ཆེན་མཚམས་ཀྱི་ལམ་གཉིས་སྦྲེལ་བར་བསྟུན་ནས་མཚོ་བོད་བར་ལམ(ཐང་བོད་གནའ་ལམ)གྱི་བོད་སྐྱོད་སྒེར་འཁོར་གྱི་ཡུལ་སྐོར་ལམ་ཐིག་ཡོངས་ནས་ཤར་གཏོང་ཐུབ་པ་བྱུང་ཡོད་ལ། ལམ་ཐིག་དེ་ནི་ཞི་ཨན་ནས་ལྷ་ས་དང་། ཁྲེང་ཏུའུ་ནས་ལྷ་སའི་མཚམས་ཀྱི་སྒེར་འཁོར་ཡུལ་སྐོར་ལམ་ཐིག་གཉིས་ཀྱིས་གྲུབ་ཡོད་པས། ཧྲན་ཞི་དང་སི་ཁྲོན་སོགས་ཉེ་འཁོར་གྱི་ཁྱིམ་མཚེས་ཞིང་ཆེན (ས་ཁུལ)གྱི་རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་ཐོན་ཁུངས་བཅས་གཅིག་ཏུ་སྦྲེལ་ཐུབ།
ཡུལ་ཤུལ་ཁུལ་གྱིས་ས་ཁོངས་ཀྱི་ལམ་ཐིགG109དང་། G345། G214ལ་སོགས་པའི་བོད་སྐྱོད་ལམ་རྒྱུད་གལ་ཆེན་གྱི་དགེ་མཚན་དང་ཐོན་ཁུངས་ཀྱི་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱས་ཏེ། རིག་གནས་ཀྱི་རྒྱུད་ཁོངས་དང་། ས་ཡི་རྒྱུད་ཁོངས། ཆུའི་རྒྱུད་ཁོངས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཁྱད་ཆོས་བཅས་ཕྱོགས་ཡོངས་ལ་བསམ་གཞིགས་བཏང་ཐོག མཚོ་བོད་བར་ལམ(ཐང་བོད་གནའ་ལམ)ཞེས་པའིG345བོད་སྐྱོད་སྒེར་འཁོར་ཡུལ་སྐོར་ལམ་ཐིག་འདི་གསར་དུ་བཏོད། ལམ་ཐིག་དེ་ནི་ཡུལ་ཤུལ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཐོག་མའི་འདེམས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཡིན། གཙོ་བོ་ཉེ་འཁོར་གྱི་ཞིང་ཆེན་བར་མཉམ་ལས་བྱས་པ་བརྒྱུད། ལམ་ཐིག G214དང་།G345། G317སྦྲེལ་ཏེ་ཡུལ་སྐོར་བ་རྣམས་ལ་སྒེར་འཁོར་ཡུལ་སྐོར་ཐུན་མོང་མ་ཡིན་པ་དེར་ལ་མྱོང་རོལ་བྱེད་དུ་འཇུག་ཆེད་རེད། དེ་བཞིན་དུ་ལམ་ཐིག་དེས“ཐང་བོད་གནའ་ལམ”ཞེས་པའི་ཚོང་རྟགས་གྲགས་ཅན་གྱི་སྙན་པ་ཆེ་ཆེར་རྒྱས་ནས་མདོ་དབུས་མཐོ་སྒང་གི་རིག་གནས་ལ་རྒྱུས་ལོན་དང་ཉམས་སུ་མྱོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ལ་སྔར་མེད་ཀྱི་སྒོ་མོ་ཞིག་ཕྱེས་ཡོད་དོ། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།