ཁྱིམ་མིའི་བདེ་ཐང་གི་ཆེད་དུ་ཆམ་རིམས་སྔོན་འགོག་བྱེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

སྟོན་དགུན་དུས་ཚིགས་གཉིས་ནི་ཆམ་རིམས་ལ་སོགས་པའི་དབུགས་ལམ་ནད་འགོས་མཆེད་ཧ་ཅང་ཛ་དྲག་ཡིན་པའི་དུས་ཤིག་ཡིན།  དགུན་སླེབས་མ་ཐག་མི་རྣམས་ལ་ཆམ་རིམས་འབྱུང་བ་དང་། གློ་ཚད་ནད་ཕོག་པ།   པྲོག་གསར་གློ་ཚད་ལ་སོགས་དབུགས་ལམ་གྱི་ནད་གཞི་མང་པོ་དུས་གཅིག་ཏུ་འབྱུང་བའི་ཉེན་ཁ་ཆེ། སློབ་གྲྭ་དང་བུ་བཅོལ་ཁང་སོགས་མི་མང་འདུས་ཀྱི་ལས་ཁུངས་སུ་ཚོགས་པ་རང་བཞིན་གྱི་ཆམ་རིམས་འབྱུང་བའི་ཉེན་ཁ་ཡང་ཇེ་ཆེ་ཡིན།

ཆམ་རིམས་ཕོག་དུས་ནད་རྟགས་གང་དག་ཡོད།
      ཆམ་རིམས་དེར་སྤྱིར་བཏང་གློ་བུར་དུ་ན་ཚ་བྱུང་ནས་ཚ་རྒྱས་པ(ནད་པ་ལ་ལར་ཏུའུ39-40ཚ་ཆེན་པོ་རྒྱས་སྲིད) ལུས་གྲང་བ།  མགོ་ན་བ།  ཤ་གནད་དང་རུས་ཚིགས་ན་བ།  ཐང་ཆད་པ།  ཟས་འགག་པ་སོགས་ནད་རྟགས་འབྱུང་བ་དང་།  དུས་རྒྱུན་མད་པ་ན་བ།  གློ་ལུ་རྒྱག་པ།  སྣ་འགག་པ། སྣ་ཆུ་བཞུར་བ། བྲང་ཁོག་མི་བདེ་བ།  སྐྱུག་པ།  ཕོ་བ་བཤལ་བ་ལ་སོགས་ཀྱི་ནད་རྟགས་ཀྱང་ཡོད།ནད་གཞི་ཡང་བའི་ཆམ་རིམས་ནི་དུས་རྒྱུན་སྤྱིར་བཏང་གི་ཆམ་ནད་ཀྱི་ནད་རྟགས་དང་ཆ་འདྲ་ཡང་ཚ་རྒྱས་པ་དང་ལུས་ཕུང་མི་བདེ་བའི་རྟགས་ཧ་ཅང་མངོན་གསལ་ཡིན།

ནད་གཞི་ལྕི་མོ་ཅན་ལ་ནད་དུག་རང་བཞིན་གྱི་གློ་ཚད་དང་།  ཕྲ་སྲིན་རང་བཞིན་གྱི་གློ་ཚད།  དོས་དྲག་རང་བཞིན་གྱི་དབུགས་ལམ་འབྱིན་རྔུབ་དཀའ་བ།  དབུགས་འགག་པ།  ཁྱབ་པའི་རང་བཞིན་གྱི་ཁྲག་རྩའི་ཁྲག་དཀག་པ།   སྙིང་རྩ་དང་ཀླད་རྩ་སོགས་ནད་རྟགས་མང་པོ་མཉམ་དུ་འབྱུང་སྲིད་པས། ཚེ་སྲོག་ཤོར་བའི་ཉེན་ཁ་ཧ་ཅང་ཆེ།    ལོ་ལྔ་མན་གྱི་བྱིས་པ་དང་།  བགྲེས་པོ།   གཅོང་ནད་ཕོག་མཁན་དང་་ཡང་ན་ལུས་ཟུངས་ཞན་པའི་མི་རྣམས་ལ་ཆམ་རིམས་ལྕི་མོ་འདི་རིགས་འབྱུང་སླ།   

       ཆམ་རིམས་ཇི་ལྟར་འགོ་བ་དང་། འགོས་པ་ལ་ནད་རྟགས་གང་དག་ཡོད།
       ཆམ་རིམས་ཕོག་པའི་ནད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་དག་ནི་དུས་ཚིགས་རང་བཞིན་གྱི་ཆམ་རིམས་ཀྱི་འགོ་ཁུངས་གཙོ་བོ་ཡིན། གཙོ་བོ་ནད་པ་དེ་དག་གི་དབུགས་ལམ་གྱི་ཟགས་ཐོན་མཆིལ་མ་ལས་འགོ་བ་དང་།  དེ་མིན་ད་དུང་ཁ་དང་། སྣ།  མིག་སོགས་ཀྱི་འབྱར་སྐྱི་རུ་ཐད་ཀར་རམ་ཡང་ན་རིམ་གྱིས་འགོ་པ་ཡིན་ལ།   ནད་དུག་འགོས་ཡོད་པའི་དངོས་རྫས་ལ་རེག་ན་ཡང་འགོ་ཡོང་།    མི་ཚོགས་འདུ་ས་དང་། སྒོ་དམ་པ།  རླུང་མི་རྒྱུ་བའི་ཁང་པར་ཁ་རླངས་ཞུ་སྤྱིན་གྱི་ལམ་ནས་འགོ་བ་རེད།

འགོག་ཟོན་ཡག་པོ་བྱེད་ཐབས།
   1.  དྲོད་སྲུང་ལ་ཡིད་འཇོག་བྱ་དགོས།

  དགུན་ཁའི་ནམ་ཟླ་གྲང་བས།  ཕྱིར་སྐྱོད་སྐབས་གནམ་གཤིས་འགྱུར་ལྡོག་ལ་གཞིགས་ནས་ལྭ་བ་མཐུག་པོ་གྱོན་དགོས་པ་ལས་འཁྱགས་སུ་འཇུག་མི་རུང་།
   2.  ཁ་ཐུམ་ལུགས་མཐུན་རྒྱག་དགོས། 
        ཆམ་རིམས་ཕོག་མཁན་གྱི་ནད་པས་ཁ་ཐུམ་བརྒྱབ་ན་ནད་དུག་ཁ་དབུགས་སུ་མཆེད་མི་ཐུབ་ཅིང་། བདེ་ཐང་ཡིན་པ་ཚོས་ཁ་ཐུམ་བརྒྱབ་ན་ནད་དུག་རྔུབ་མི་ཐུབ།  གལ་ཏེ་ཚ་རྒྱས་ཤིང་། གློ་ལུ་རྒྱག་པ།  མད་པ་ན་བ་སོགས་དབུགས་ལམ་གྱི་ནད་རྟགས་ཡོད་མཁན་ཚོ་ཕྱིར་སྐྱོད་པ་འམ་ཡང་ན་མི་གཞན་བར་འབྲེལ་འདྲིས་བྱེད་དུས་ཁ་ཐུམ་རྒྱག་དགོས།  དབུགས་ལམ་གྱི་ནད་རྟགས་ཡོད་པའི་ནད་པར་བདག་སྐྱོང་བྱེད་སྐབས།  ནད་པ་དང་མཉམ་དུ་སྡོད་པའམ་ཉེ་སར་བཅར་དུས་ཁ་ཐུམ་རྒྱག་དགོས། དབུགས་ལམ་གྱི་ནད་འགོས་མཆེད་ཧ་ཅང་ཛ་དྲག་ཡིན་དུས་སྨན་ཁང་དང་ཡང་ན་སྒོ་བསྟེན་སྨན་ཁང་སོགས་སྒོ་དམ་པོར་བརྒྱབ་པའི་ཁང་པར་བསྐྱོད་ན་ཡང་ཁ་ཐུམ་རྒྱག་རྒྱུ་གལ་ཆེ།
    3.  འཕྲོད་བསྟེན་ལ་དོ་སྣང་བྱ་དགོས།
        ལག་པ་ནི་རིམས་ནད་ཕན་ཚུན་འགོས་མཆེད་ཀྱི་རྒྱུ་ལམ་གཙོ་བོ་ཡིན་པས།  ལག་པ་གཙང་འཁྲུད་ནི་རིམས་ནད་བརྒྱུད་འགོས་མི་ཐུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྒོའི་ཕྱི་ནས་ནང་དུ་ལོག་རྗེས་དང་། ཟ་མ་ཟས་རྗེས།  གསང་སྤྱོད་སོང་རྗེས།  དེ་མིན་མིག་དང་ཁ་སྣ་བཅས་ལ་རེག་རྗེས་ལག་པ་བཀྲུ་དགོས་པ་དང་། ཚན་རིག་དང་མཐུན་པའི་ལག་པ་འཁྲུད་སྟངས་ལྟར་འདག་རྫས་བཀོལ་དེ་འབབ་ཆུས་སྐར་ཆ20ལ་ལག་ཟུང་ཕན་ཚུན་འཕུར་འཕུར་བྱས་ནས་བཀྲུ་དགོས། གལ་ཏེ་ཆ་རྐྱེན་མི་འདང་བ་ཡིན་ན།  རྒྱུ་སྤུས་ཚད་ལྡན་ཡིན་པའི་ལག་པའི་དུག་སེལ་གཤེར་ཁུ་བཀོལ་ནས་དུག་སེལ་བྱ་དགོས།
 
    4. གློ་ལུ་རྒྱག་སྐབས་ཀྱི་གུས་སྲོལ་བརྩི་དགོས།

ནད་པས་གློ་ལུ་རྒྱག་པ་དང་། ཧབ་སྦྲིད་རྒྱག་པའི་སྐབས་སུ་ཆམ་རིམས་ལ་སོགས་དབུགས་ལམ་ཀྱི་ནད་དུག་དག་དབུགས་ལམ་གྱི་ཟགས་ཐོན་མཆིལ་མ་དང་ཁ་རླངས་ཞུ་སྦྱིན་བརྒྱུད་ཉེ་འཁོར་གྱི་ཁ་དབུགས་སུ་མཆེད་དེ།  རང་གི་ཉེ་འཁོར་གྱི་མི་ལ་འགོ་བ་ཡིན།  ཆམ་རིམས་ཕོག་ཡོད་མེད་སུ་ཡིན་རུང་།  ཚང་མས་གློ་ལུ་རྒྱག་དུས་གཙང་ཤོག་དང་ལག་ཕྱིས་ཀྱིས་ཁ་དང་སྣ་གཅོད་དགོས། གལ་ཏེ་དེ་དག་མེད་ཚེ་ལྭ་བའི་ཕུ་ཐུང་གིས་ཁ་དང་སྣ་ཡི་ཁ་བཅད་ན་ཡང་ཆོག  གལ་ཏེ་སྟབས་བདེ་བོ་མིན་ཚེ་ལག་པས་ཁ་དང་སྣ་ཁ་བཅད་རྗེས་དུས་ཐོག་ཏུ་ལག་པ་གཙང་འཁྲུད་བྱ་དགོས།
    5. དུས་རྒྱུན་ཁང་པར་རླུང་རྒྱུ་རུ་འཇུག་དགོས།
       ཁ་དབུགས་ལེགས་དུས།  ཁང་པར་ཉིན་རེར་ཐེངས་གཉིས་ནས་གསུམ་ལ་རླུང་རྒྱུ་རུ་འཇུག་དགོས་པ་དང་། ཐེངས་རེར་སྐར་མ30ལ་སྒེའུ་ཁུང་སོགས་ཕྱེས་ནས་ཁང་ནང་གི་ཁ་དབུགས་གཙང་མར་བཟོ་དགོས། 
    6.  ལུས་ཟུངས་རྒྱས་སུ་འཇུག་དགོས།
       ཉིན་རྒྱུན་གྱི་འཚོ་བའི་ཁྲོད།  ཟ་མ་སྙོམས་པོ་རེ་དང་ཆུ་འདང་ངེ་རེ་ལ་བསྟེན་དགོས་པ་མ་ཟད།   ངལ་གསོའི་ཆོས་ཉིད་མ་འཆོལ་བར་དུས་རྒྱུན་གཉིད་བདེ་བོ་ཡོང་བ་རྒྱུ་འཁྱོངས་བྱ་དགོས་པ་དང་། འཚོ་བའི་གོམས་གཤིས་བཟང་པོ་དང་། འོས་འཚམ་གྱི་ལུས་ཕུང་སྦྱོང་བརྡར་ལ་སོགས་ཀྱི་རྒྱུན་བསྐྱངས་ན་ལུས་ཟུངས་དང་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏང་ཐུབ་པས།  ཚད་ངེས་ཅན་ནས་ཆམ་རིམས་སོགས་དབུགས་ལམ་གྱི་རིམས་ནད་འགོས་མཆེད་སྔོན་འགོག་བྱེད་ཐུབ།
    7. ཆམ་རིམས་ཀྱི་ནད་རྟགས་དང་འབྲེལ་བའི་ནད་པའི་བར་འབྲེལ་འདྲིས་མ་བྱེད་ཅིག  གལ་ཏེ་དགོས་དབང་གིས་འབྲེལ་འདྲིས་བྱེད་དགོས་ན།   ཁ་ཐུམ་རྒྱག་དགོས། འབྲེལ་འདྲིས་བྱས་རྗེས་ལག་པ་གཙང་འཁྲུད་བྱས་རྗེས་མིག་དང་སྣ། ཁ་སོགས་ལ་རེག་ནས་འཕུར་འཕུར་མ་བྱེད།
    8.ལས་ཁུངས་ཀྱི་བདེ་འཇགས་བརྟག་དཔྱད་ལ་ཤུགས་སྣོན་དགོས།  
       སློབ་གྲྭ་དང་བུ་བཅོལ་ཁང་སོགས་ལས་ཁུངས་ཀྱིས་ཞོགས་པ་དང་ཉིན་གུང་ལ་ཞིབ་བཤེར་ནན་མོ་དགོས་པ་དང་། ནད་གཞིའི་རྐྱེན་གྱིས་ལས་ཐོག་ཏུ་མ་འབྱོར་བ་ཐོ་འགོད་དང་སྙན་ཞུ་སོགས་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས། སློབ་མར་ཚ་རྒྱས་པ་དང་། གློ་ལུ་སོགས་ནད་རྟགས་ཐོན་དུས།  ལམ་སེང་ཁ་ཐུམ་བརྒྱབ་ནས་ཁྱིམ་བདག་ལ་འབྲེལ་བ་བྱས་ཏེ། དུས་ཐོག་ཏུ་སྨན་ལ་བསྟེན་དགོས་པ་དང་། ནད་བརྟག་ངོས་ཟིན་རྗེས་ངལ་གསོ་བརྒྱབ་ནས་སྨན་བཅོས་བྱ་དགོས་པ་ལས།  མི་མང་ཚོགས་སར་འགྲོ་མི་རུང་ལ། ནད་ཐོག་ཏུ་ལས་ཞུགས་དང་སློབ་གྲྭར་འགྲོ་མི་རུང་།
    9. ནད་རྟགས་འདི་དག་ཐོན་དུས་ལམ་སེང་སྨན་བཅོས་བྱེད་དགོས།
       རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱེད་དགོས།  ཚ་རྒྱས་པ་དང་དོས་དྲག་རང་བཞིན་གྱི་དབུགས་ལམ་དུ་ནད་དུག་འགོས་པ་སོགས་ནད་རྟགས་བྱུང་དུས།  རང་རང་གི་གནས་ཚུལ་ལ་གཞིགས་ནས་ཁྱིམ་དུ་ངལ་གསོ་བརྒྱབ་ནས་སྨན་ལ་བསྟེན་པ་དང་། སྨན་བཅོས་སོགས་བྱེད་ཐབས་སྤྱད་དགོས། གལ་ཏེ་ནད་གཞི་ཇེ་སྡུག་ཏུ་ཕྱིན་ན།  ཁ་ཐུམ་བརྒྱབ་ཏེ་སྨན་ཁང་དུ་ལྟ་རུ་འགྲོ་དགོས་ལ། ཕྱིར་ནང་དུ་ལོག་རྗེས་ལག་པ་གཙང་མ་བཀྲུ་དགོས།

པེ་ཅིང་རིམས་འགོག་ལྟེ་གནས།མཚོ་སྔོན་རིམས་འགོག་ལྟེ་གནས་ནས། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།