ནད་པའི་སྤྱོད་ལམ་བསྟེན་ཚུལ་འགའ་གོ་བདེར་བརྗོད་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རླུང་ནད་ཅན་སྤྱོད་ལམ་མུན་ཁུང་དྲོ་བའི་གནས་སུ་བསྡད་དེ། ཡིད་འོང་གྲོགས་དང་འགྲོགས་ཤིང་ཚིག་སྙན་པར་ཉན་པ། གཉིད་ལོག་པ། གོས་དྲོན་གྱོན་པར་བྱའོ། །

མཁྲིས་པའི་ནད་ཅན་སྤྱོད་ལམ་རླུང་བསེར་བུ་ཕོག་ས་དང་། ཤིང་གྲིབ་དང་ནེའུ་གསིང་བསྟེན་པ། ཡང་ན་ཆུ་འགྲམ་སོགས་བསིལ་བའི་གནས་སུ་ལུས་མ་འཁྲུགས་པར་དལ་བར་སྡོད་དགོས།

བད་ཀན་གྱི་ནད་ཅན་སྤྱོད་ལམ་མེ་དང་ཉི་མར་བསྲོ་ཞིང་གོས་དྲོན་གྱོན་པ། སྐམ་སར་ལུས་སེམས་གཉིས་ཀ་རྩོལ་སྤྱད་བྱ་ཞིང་། ཉིན་པར་གཉིད་མི་ལོག་གོ །

དབང་པོའི་སྤྱོད་ལམ་ལ། ལྕེ་སོགས་དབང་པོ་རྣམས་རང་རང་གི་ཡུལ་རྣམས་ལ་ལོངས་མི་སྤྱོད་པའམ། ཡང་ན་རང་རང་གི་ཡུལ་ལ་ཧ་ཅང་ལོངས་སྤྱད་དྲགས་པའང་མི་བྱེད་པར་ཉམས་བདེ་འཚམ་པར་སྤྱོད་དགོས།

མིག་སྨན་བསྟེན་ཚུལ་ལ། མིག་ནི་མེའི་རང་བཞིན་དུ་གནས་པས་མིག་སྨན་སྐྱེར་པའི་ཁཎ་ཌ་དུས་རྟག་ཏུ་ཞག་བདུན་བདུན་ལོན་ཚེ་ཉིན་རེ་བཞིན་མིག་ཏུ་གཏིག་ན་མིག་གསལ་བ་སོགས་བདེ་སྲུང་ལེགས་ཤིང་མིག་ནད་སེལ།

མིག་གི་བདེ་སྲུང་ལ། དེས་གློག་དང་ཉི་མ་ལྟ་བུ་འོད་མདངས་ཆེ་བའི་འཁྲིས་སུ་བཅར་ནས་བལྟ་རྒྱུ་མེད་ལ། དཔེ་དེབ་སོགས་ལ་ལྟ་དུས་ཀྱང་བར་ཐག་ཧ་ཅང་ཉེ་དྲགས་མི་རུང་བ་སོགས་མིག་ལ་གནོད་པའི་སྤྱོད་ལམ་སྤང་དགོས།

མིག་ནད་སྔོན་འགོག་བྱ་ཆེད། ཤ་རུལ་བ་དང་ཙོང་སྒོག ཆང་སྐྱུར་སོགས་མིག་ལ་གནོད་ཅིང་ཁྲག་མཁྲིས་བསྐྱེད་པའི་ཟས་དང་། སྤྱོད་ལམ་དྲག་ཤུལ་གྱི་ལས་དང་། ལྗིད་ཅན་ཁུར་བ་དང་འདེགས་པ་སྤང་དགོས་ལ། དུ་བ་དང་བསེར་བུ། ཁ་བ། ཉི་འོད། མཚོན་སོགས་མིག་ལ་ཕོག་པར་གཟབ་དགོས།

སྐྱི་འགྲིབ་གཤག་བཅོས་མི་རུང་བ་ནི། གློ་ནད་དང་ཆམ་པས་བཏབ་པ། མ་ཞུ་བའི་འཁྲུ་སྐྱུག་གི་ནད་ཡོད་པ། མགོ་གཟེར་གྱི་ནད་ཡོད་པ་སོགས་དང་། ལུས་ཁམས་ལ་དགྲ་དར་བ། སྤར་ཁ་ལི་ལ་བབས་པ་བཅས་ཀྱི་དུས་སོ། །

སྣའི་བདེ་སྲུང་ལ། སྣ་སྤུ་ལ་ཕྱིའི་ཐལ་རྡུལ་སོགས་འཛིན་པའི་ནུས་པ་ཡོད་སྟབས། དེ་ཉིད་མང་དུ་བཏོག་ཚེ་སྣ་ནད་མང་པོ་སློང་གི་ཡོད་ལ། ཆམ་རིམས་སོགས་ཀྱང་ཕོག་སླ་བས་གང་བྱུང་དུ་བཏོག་མི་རུང་།

རྩོལ་བཅག་གི་ཕན་ཡོན། ཡང་དག་པའི་རྩོལ་བ་སྤྱད་པས་ལུས་ཡང་ཞིང་ཚིལ་འབྲི་བ་དང་། ལུས་ཀྱི་སྐྱེ་མཆེད་གཙང་ཞིང་མེ་དྲོད་སྐྱེད་པར་བྱེད་ལ། ལུས་མཁྲེགས་པ་དང་ལུས་ངག་ཡིད་ཀྱི་ལས་བྱེད་ནུས། འོན་ཀྱང་རྩོལ་བཅག་ཧ་ཐང་ཐལ་ཆེ་ན་ལོག་པའི་སྐྱོན་དུ་འགྱུར།

དེ་ལས་རྒན་པ་དང་བྱིས་པ། རླུང་དང་མཁྲིས་པ། ཡང་ན་རླུང་མཁྲིས་གཉིས་ལྡན་གྱི་ནད་པ་རྣམས་ཀྱིས་རྩོལ་བཅག་ཤུགས་དྲག་སྤང་དགོས།

སྟོབས་དང་ལྡན་ཞིང་ཁ་ཟས་སྣུམ་བག་ཤས་ཆེར་ཟ་བ་རྣམས་ཀྱིས་དགུན་དཔྱིད་ལ་རྩོལ་བཅག་བྱ་ཞིང་། ལྷག་པར་དུ་བད་ཀན་ཅན་གྱི་མིས་རྩོལ་བཅག་འབད་པས་བསྟེན་པར་རིགས། །  

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།