གསོ་སྐྱོང་བྱས་པའི་སྲོག་ཆགས་ཀྱིས་མི་གཞན་ལ་གནོད་སྐྱོན་བཟོས་ན་འགན་སུས་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གྱོད་དཔེ།

དོན་གྲུབ་ནི་ཁྱི་ཕྲུག་ལ་ཧ་ཅང་དགའ་མཁན་ཞིག་སྟེ་རྨི་ལམ་དུའང་ནམ་རྒྱུན་རྨི་བཞིན་ཡོད། ཁོས་ཁྱི་ཕྲུག་ཅིག་གསོས་ན་ཕྱོགས་གཅིག་ནས་རང་ཉིད་ལ་འདུག་རོགས་བྱེད་ཐུབ་ལ། ཕྱོགས་གཞན་ཞིག་ནས་འཚོ་བར་སྤྲོ་སྣང་ཡང་སྟེར་ཐུབ་འདོད་ཡོད། སྟབས་ལེགས་པ་ཞིག་ལ་དོན་གྲུབ་ཀྱི་གྲོགས་པོ་ཕྱི་རྒྱལ་དུ་འགྲོ་དགོས་པས། ཁོས་གསོ་སྐྱོང་བྱས་པའི་ཁྱི་ཕྲུག་དོན་གྲུབ་ལ་སྤྲོད་ཅེས་བཤད་མ་ཐག དོན་གྲུབ་ཧ་ཅང་དགའ་སྟེ་ཁྱི་ཕྲུག་གསོ་སྐྱོང་བྱས། དོན་གྲུབ་ནམ་རྒྱུན་ལས་ཚོགས་གྲོལ་རྗེས་ཁྱི་ཕྲུག་ཁྲིད་ནས་གཞིས་ཁུལ་གྱི་མེ་ཏོག་ལྡུམ་རར་འཆམ་འཆམ་དུ་འགྲོ་བཞིན་ཡོད་ལ། ཁྱི་ཕྲུག་ཧ་ཅང་སྙིང་རྗེ་བ་ཞིག་ཡིན་པས་ལམ་འགྲོ་བ་ཚང་མ་ཁྱི་ཕྲུག་ལ་རྩེད་བཞིན་ཡོད། ཐེངས་ཤིག་ལ་མེ་ཏོག་ལྡུམ་རར་འཆམ་འཆམ་བྱེད་སྐབས་སུ་ཁྱི་ཕྲུག་གིས་བཀྲ་ཤིས་ཀྱི་ལག་གི་དབུགས་ལྒང་མཐོང་ནས་དེ་ལ་རྩེད་འདོད་ཡོད་པས། གློ་བུར་བཀྲ་ཤིས་ཀྱི་ཕྱོགས་སུ་མཆོངས་ཏེ་ཁོའི་མཛུབ་མོར་སོ་བཏབ་ནས་རྨས་སྐྱོན་བཟོས། དེ་ནས་དོན་གྲུབ་ཀྱིས་མྱུར་དུ་བཀྲ་ཤིས་ཁྲིད་ནས་སྨན་ཁང་དུ་སོང་སྟེ། བརྟག་དཔྱད་བྱས་ཤིང་འགོག་སྨན་ཡང་བརྒྱབ་ནས་སྨན་རིན་མི་ཉུང་བ་ཞིག་ཤོར། རྗེས་སུ་བཀྲ་ཤིས་ཀྱིས་དོན་གྲུབ་ལ་སྨན་རིན་སྟེར་དགོས་པའི་རེ་བ་བཏོན་པ་ན། དོན་གྲུབ་ཀྱིས་སྨན་རིན་སྟེར་རྒྱུ་གཏན་ནས་དང་ལེན་མ་བྱས།

བཅའ་ཁྲིམས་དབྱེ་ཞིབ།

གྱོད་དོན་འདི་ནི་ཁྱིས་མི་ལ་རྨུག་པ་དང་འབྲེལ་བ་ཡོད་ཅིང་། རྨས་སྐྱོན་ཕོག་མཁན་གྱི་སྨན་རིན་སུས་སྟེར་དགོས་པའི་གནད་དོན་ཞིག་རེད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1245པའི་གཏན་འཁེལ་ལྟར་ན། “གསོ་སྐྱོང་བྱས་པའི་སྲོག་ཆགས་ཀྱིས་མི་གཞན་ལ་གནོད་སྐྱོན་བཟོས་ན། སྲོག་ཆགས་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་དབང་གནོད་འགན་འཁྲི་འཁུར་དགོས།འོན་ཀྱང་། གནོད་སྐྱོན་ནི་དབང་གནོད་མཁན་གྱིས་བསམ་བཞིན་བཟོས་པའམ་ནོར་འཁྲུལ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་བཟོས་པ་ཡིན་པ་ར་སྤྲོད་བྱེད་ཐུབ་ན། ཁག་འགན་འཁུར་མི་དགོས་པའམ་ཁག་འགན་ཇེ་ཡང་དུ་བཏང་ཆོག”ཅེས་བཀོད་ཡོད།

གྱོད་དོན་འདིའི་ནང་དུ། དོན་གྲུབ་ཀྱི་ཁྱི་ཕྲུག་གིས་བཀྲ་ཤིས་ཀྱི་ལག་གི་དབུགས་ལྒང་དེ་ལ་རྩེད་འདོད་ནས་གློ་བུར་བཀྲ་ཤིས་ཀྱི་ཕྱོགས་སུ་མཆོངས་ནས་ཁོའི་མཛུབ་མོར་སོ་བཏབ་སྟེ་རྨས་སྐྱོན་བཟོས་པ་རེད། གོ་རིམ་འདིའི་ཁྲོད་དུ། བཀྲ་ཤིས་ཀྱིས་ཁྱི་ཕྲུག་ལ་ཁོང་ཁྲོ་བསླངས་པའི་གནས་ཚུལ་མེད་པས་བཀྲ་ཤིས་ལ་ནོར་འཁྲུལ་ཅི་ཡང་མེད། བཀྲ་ཤིས་ལ་རྨས་སྐྱོན་བཟོས་པ་ནི་ཁྱི་ཕྲུག་གིས་བཟོས་པ་ཡིན་པས། དོན་གྲུབ་ནི་ཁྱི་ཕྲུག་གི་དོ་དམ་མཁན་ཡིན་པའི་ཆ་ནས་བཀྲ་ཤིས་ཀྱི་སྨན་རིན་སྟེར་འགན་འཁུར་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།