ཚ་བོས་ཨ་ནེའི་ཤུལ་ནོར་ཤུལ་འཛིན་བྱས་ཆོག་གམ།

ཡོང་ཁུངས། ཁྲིམས་ལུགས་ཚགས་པར།

གྱོད་དཔེ།

ཚེ་རིང་ཆུང་དུས་སུ་ཁོའི་ཕ་མ་གཉིས་ཕྱི་ལ་ལས་ཀར་འགྲོ་དགོས་ཕྱིར། ཁོ་རང་ཨ་ནེ་ལ་བཅོལ་ནས་བདག་སྐྱོང་བྱེད་དུ་བཅུག་པ་ཡིན་ལ། ཚེ་རིང་གི་ཨ་ནེའི་ཁྱོ་གར་ཕྲུ་གུ་བཙའ་བའི་ནུས་པ་མེད་པས་ཨ་ནེ་མོ་ལའང་བྱིས་པ་མེད། དེ་བས་ཚེ་རིང་ལ་ཧ་ཅང་གཅེས་ཤིང་། ཚེ་རིང་དང་ཁོའི་ཨ་ནེའི་ཁྱོ་ག་གཉིས་ཀྱི་བརྩེ་འདང་ཡང་ཧ་ཅང་ཟབ། ལོ་འགའི་སྔོན་དུ་ཨ་ནེའི་ཁྱོ་ག་ཚེ་ལས་འདས་སོང་། ཨ་ནེ་ཡིས་ཚེ་རིང་ཁྲིད་དེ་མོ་ཚང་ལ་ཡོང་ནས་མཉམ་དུ་འཚོ་བ་རོལ། དེ་ནས་དུས་ཡུན་རིང་པོ་མ་འགོར་བར་ཨ་ནེ་ལ་བརྟག་དཔྱད་བྱེད་དུས་སྐྲན་ནད་བྱུང་ཡོད་པར་མ་ཟད། ད་དུང་དུས་ཡུན་འགོར་འགྱངས་བྱས་ན་སྨན་བཅོས་བྱེད་ཐབས་མེད་པའི་གནས་སུ་ཐོན་འདུག དེ་བས་ཚེ་རིང་གིས་ཨ་ནེ་ཡི་ཚེ་སྨད་ལ་ནམ་རྒྱུན་བདག་སྐྱོང་ལེགས་པོ་བྱས་ཏེ་ཚེ་མཇུག་རྫོགས་པར་བྱས། ཨ་ནེ་ཚེ་ལས་འདས་རྗེས་རྒྱུ་ནོར་མི་ཉུང་བ་ཞིག་ཤུལ་དུ་བཞག་ཡོད། ཚེ་རིང་གིས་རང་ཉིད་ལ་ཁང་པ་ཉོ་དགོས་ཕྱིར་སྒོར་མོ་མི་ཉུང་བ་ཞིག་མཁོ་བས། ཨ་ནེའི་ཤུལ་ནོར་ཡིད་ལ་གློ་བུར་དུ་དྲན། འདི་ལྟ་བུའི་གནས་ཚུལ་འོག་ཏུ་ཚེ་རིང་གིས་ཨ་ནེ་ཡི་ཤུལ་ནོར་ཤུལ་འཛིན་བྱས་ཆོག་གམ།

བཅའ་ཁྲིམས་དབྱེ་ཞིབ།

རང་རྒྱལ་གྱི་བཅའ་ཁྲིམས་ནང་དུ་ལས་ཚབ་ཤུལ་འཛིན་གྱི་འབྲེལ་ཡོད་ལམ་ལུགས་གཏན་འཁེལ་བྱས་ཡོད་པར་མ་ཟད།《དམངས་དོན་ཁྲིམས་གཞུང》གིས་ཐོག་མར་ལས་ཚབ་ཤུལ་འཛིན་གྱི་ཁྱབ་ཁོངས་ཆེ་རུ་བཏང་སྟེ། ཤུལ་འཇོག་མཁན་གྱི་ཕུ་ནུ་མིང་སྲིང་སྔོན་ལ་ཚེ་ལས་འདས་པའི་གནས་ཚུལ་བར་དུ་རྒྱ་བསྐྱེད་ཡོད།《དམངས་དོན་ཁྲིམས་གཞུང》གི་དོན་ཚན1128པའི་གཏན་འཁེལ་ལྟར་ན། “ལས་ཚབ་ཤུལ་འཛིན་གྱི་གནས་ཚུལ་ལ་གཙོ་བོ་རིགས་གཉིས་ཡོད་དེ། རིགས་དང་པོ་ནི་ཤུལ་འཇོག་མཁན་གྱི་བུ་ཕྲུག་གང་ཞིག་ཤུལ་འཇོག་མཁན་གྱི་སྔོན་ལ་ཚེ་ལས་འདས་པ་ཡིན་ན། ཤུལ་འཇོག་མཁན་གྱི་བུ་ཕྲུག་གི་མི་རབས་རྗེས་མར་ཐད་ཀར་གཏོགས་པའི་ཉེ་དུ་ཡིས་ལས་ཚབ་ཤུལ་འཛིན་བྱ་དགོས་པ་དང་། རིགས་གཉིས་པ་ནི་ཤུལ་འཇོག་མཁན་གྱི་ཕུ་ནུ་མིང་སྲིང་གང་ཞིག་ཤུལ་འཇོག་མཁན་གྱི་སྔོན་ལ་ཚེ་ལས་འདས་པ་ཡིན་ན། ཤུལ་འཇོག་མཁན་གྱི་ཕུ་ནུ་མིང་སྲིང་གི་བུ་ཕྲུག་གིས་ལས་ཚབ་ཤུལ་འཛིན་བྱ་དགོས། དེའི་ནང་གི་གནས་ཚུལ་རིགས་གཉིས་པ་དེ་གཙོ་བོ་ཤུལ་འཇོག་མཁན་ལ་གོ་རིམ་དང་པོའི་ཤུལ་འཛིན་མེད་པ་དང་། དེའི་ཤུལ་བཞག་རྒྱུ་ནོར་རྣམས་ཕུ་ནུ་མིང་སྲིང་ཁོ་ནས་མུ་མཐུད་དུ་ཤུལ་འཛིན་བྱེད་པའི་གནས་ཚུལ་ལ་སྤྱད་དགོས”ཞེས་བཀོད་ཡོད།《དམངས་དོན་ཁྲིམས་གཞུང》ནང་ལས་ཚབ་ཤུལ་འཛིན་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ནས་སྔོན་གྱི་བཅའ་ཁྲིམས་ཀྱི་སྟོང་ཆ་བསྐངས་པ་དང་། ཚད་རིམ་མཐོ་ཤོས་ཀྱི་སྟེང་ནས་རྒྱུ་ནོར་ཤུལ་འཛིན་བྱེད་པའི་གནས་ཚུལ་འབྱུང་རྒྱུ་གཏན་འགོག་བྱས་ཡོད།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན1127པའི་གཏན་འཁེལ་ལྟར་ན། “གོ་རིམ་དང་པོའི་ཤུལ་འཛིན་མཁན་ལ་བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས་འདུ་བ་དང་། གོ་རིམ་གཉིས་པའི་ཤུལ་འཛིན་མཁན་ཕུ་ནུ་མིང་སྲིང་དང་ཨ་མེས་དང་ཨ་ཕྱི། སྤོ་བོ་དང་རྨོ་མོ་བཅས་འདུ”ཞེས་བཀོད་ཡོད། གྱོད་དོན་འདིའི་ནང་དུ་ཚེ་རིང་ཆུང་དུས་ནས་ཨ་ནེ་ཡིས་གཉོར་སྐྱོང་བྱས་ཏེ་ནར་སོན་པ་ཡིན་ལ།ཨ་ནེ་ལ་བརྩེ་འདང་ཡང་ཤིན་ཏུ་ཆེ། ཨ་ནེ་ལ་ཚེ་གང་བོར་བུ་ཕྲུག་མེད་པ་དང་། ཁྱོ་གའང་ཚེ་ལས་འདས་སོང་བས།དོན་དག་འདིར་མཚོན་ན་མོ་རང་ཚེ་ལས་འདས་ཁར་གལ་ཏེ་ཕ་མའང་ཚེ་འདས་ལས་པ་ཡིན་ན། བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་གོ་རིམ་དང་པོའི་ཤུལ་འཛིན་མཁན་མེད་པ་ཡིན། འོན་ཀྱང་། ཨ་ནེ་ཚེ་ལས་འདས་ཁར་ཚེ་རིང་གི་ཨ་ཕ་སྔར་བཞིན་ཡོད་ན། ཨ་ཕ་ནི་ཨ་ནེའི་ནུ་བོ་ཡིན་པའི་ཆ་ནས། ཨ་ནེ་ཡི་གོ་རིམ་གཉིས་པའི་ཤུལ་འཛིན་མཁན་ཡིན་ཞིང་། སྐབས་འདིའི་ཚེ་རིང་གིས་ཨ་ཕའི་ཚབ་བྱས་ནས་ཨ་ནེ་ཡི་ཤུལ་ནོར་ཤུལ་འཛིན་བྱེད་མི་ཆོག

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།