ཅི་ཞིག་ལ་སྒེར་གྱི་བདག་དབང་ཟེར།

ཡོང་ཁུངས། ཁྲིམས་ལུགས་ཚགས་པར།

གཅིག ཅི་ཞིག་ལ་སྒེར་གྱི་བདག་དབང་ཟེར།

སྒེར་གྱི་བདག་དབང་ནི་སྤྱི་དམངས་སྒེར་གྱིས་ཁྲིམས་ལྟར་རང་ཉིད་ཀྱི་རྒྱུ་ནོར་ལ་འདོད་མོས་ལྟར་བདག་བཟུང་དང་། བེད་སྤྱོད། ཁེ་ཕན་ལེན་པ་དང་ཐག་གཅོད་བཅས་བྱས་ཆོག་པའི་སྒེར་གྱི་ཡོང་འབབ་དང་། སྡོད་ཁང་། འཚོ་བའི་མཁོ་ཆས། འཚོ་བའི་ཡོ་བྱད། རྒྱུ་ཆ་དང་པོ་སོགས་ལ་མི་གཞན་གྱིས་ཁྲིམས་འགལ་ངང་ཐེ་གཏོགས་བྱེད་པ་ཕྱིར་ཕུད་གཏོང་བའི་ཁེ་དབང་ཞིག་ཡིན།

གཉིས། བཅའ་ཁྲིམས་དབྱེ་ཞིབ།

ཡོང་འབབ་ཅེས་པ་ནི་མི་རྣམས་ཀྱིས་ངལ་རྩོལ་སྣ་ཚོགས་བྱས་ནས་ཐོབ་པའི་དངུལ་ལོར་གྱི་ཡོང་སྒོའམ་རིན་གོང་ཡོད་པའི་དངོས་པོར་ཟེར། དེར་གཙོ་བོ་གླ་ཕོགས་དང་། རྩོམ་ཡོན། མ་རྐང་གི་ཁེ་སྤོགས། བྱ་དགའ་ཐོབ་པ། སྒེར་གཉེར་ངལ་རྩོལ་ཡོང་འབབ་སོགས་འདུ།

སྡོད་ཁང་ཞེས་པ་ནི་ཁྲིམས་ལྟར་ཉོས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་། སྡེ་བའི་གཞིས་སའི་ཐོག་ཁྲིམས་ལྟར་བསྐྲུན་པའི་སྡོད་ཁང་དང་ཚོང་ཁང་། བཟོ་ཁང་སོགས་ལ་ཟེར།

འཚོ་བའི་མཁོ་ཆས་ཞེས་པ་ནི་འཚོ་བའི་ཐད་བཀོལ་བའི་དངོས་རྫས་ཏེ། དཔེར་ན། ཁྱིམ་སྤྱོད་གློག་ཆས་དང་སྒེར་གྱི་རླངས་འཁོར། ཁྱིམ་ཆས་སོགས་ལྟ་བུ།

འཚོ་བའི་ཡོ་བྱད་ཅེས་པ་ནི་མི་རྣམས་ཀྱིས་ཐོན་སྐྱེད་བྱ་བ་སྤེལ་སྐབས་བཀོལ་བའི་ཡོ་བྱད་ལ་བསྟན་པ་ཡིན། དཔེར་ན། འཕྲུལ་ཆས་སྒྲིག་ཆས་དང་། རླངས་འཁོར། གྲུ་གཟིངས་སོགས་སྐྱེལ་འདྲེན་ཡོ་བྱད་ལྟ་བུ།

རྒྱུ་ཆ་དང་པོ་ཞེས་པ་ནི་ཐོན་རྫས་ཐོན་སྐྱེད་བྱེད་པར་མཁོ་བའི་དངོས་པོའི་རྨང་གཞིའི་རྒྱུ་ཆ་ལ་ཟེར། དཔེར་ན། གཏེར་རྡོ་དང་། ཤིང་ཆ། ངར་ལྕགས་སོགས་ལྟ་བུ་ལ་ཟེར།

སྒེར་གྱི་རྒྱུ་ནོར་ཁོངས་སུ་ད་དུང་བརྟན་དངོས་དང་སྒུལ་དངོས་གཞན་དག་ཀྱང་འདུས་ཏེ། དཔེར་ན། དཔེ་དེབ་དང་མི་སྒེར་གྱི་ཉར་ཚགས་དངོས་པོ། ཕྱུགས་ཟོག་དང་ཁྱིམ་བྱ་སོགས་ལྟ་བུ།

གསུམ། མཉམ་འཇོག་བྱ་དགོས་ས།

ས་ཞིང་དོ་དམ་བཅའ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་སོགས་ཀྱི་གཏན་འཁེལ་གཞིར་བཟུང་ན། ཁང་པ་ནི་གཞིས་སའི་སྟེང་གི་འཛུགས་སྐྲུན་དངོས་པོར་གོ་ལ། དེའི་ཁོངས་སུ་བདག་བཟུང་བྱས་པའི་གཞིས་ས་མི་འདུ། སྡེ་བའི་སྡེ་མིར་རང་གི་ཁྲིམས་མཐུན་གྱི་ཁང་པར་བདག་དབང་ཡོད་པས། རྩ་དོན་ལྟར་ན་རང་གིས་འཛུགས་སྐྲུན་བྱས་པའི་ཁང་པ་ཉོ་འཚོང་ངམ་གླ་གཏོང་བྱས་ཆོག་མོད། འོན་ཀྱང་སྡེ་བའི་གཞིས་ས་ནི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁུལ་གྱི་ཁོངས་མིའི་སྡོད་ཁང་གི་དགོས་མཁོའི་ཁྱད་ཆོས་ལ་དམིགས་ནས་བཞག་པ་ཡིན་པས། སྡོད་ཁང་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁུལ་གྱི་ཁོངས་མིར་མ་གཏོགས་བཙོང་མི་ཆོག སྡེ་བའི་སྡེ་མིས་རང་གི་སྡོད་ཁང་གཞན་ལ་འཚོང་བ་དང་། གླ་གཏོང་བྱེད་པ། སྟེར་བ་བཅས་བྱས་རྗེས་ཡང་བསྐྱར་གཞིས་ས་དགོས་པའི་རེ་འདུན་ཞུས་ན་དེར་ཆོག་མཆན་མི་ཐོབ།

བཞི། བཅའ་ཁྲིམས་ཀྱི་གཞི་འཛིན་ས།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན266པའི་གཏན་འཁེལ་ལྟར་ན། “མི་སྒེར་ལ་རང་གི་ཁྲིམས་མཐུན་གྱི་ཡོང་འབབ་དང་སྡོད་ཁང་། འཚོ་བའི་མཁོ་ཆས། ཐོན་སྐྱེད་ཡོ་བྱད། རྒྱུ་ཆ་དང་པོ་སོགས་བརྟན་དངོས་དང་སྒུལ་དངོས་ལ་བདག་དབང་ཡོད”ཅེས་བཀོད་ཡོད།

ཡང་དོན་ཚན267པར། “སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པ་ཡིན། རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་བཙན་བཟུང་དང་ཧམ་འཕྲོག གཏོར་བཤིག་བཅས་བྱས་མི་ཆོག”ཅེས་བཀོད་ཡོད།   

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།