སྐྱིན་ཚབ་སྤྲོད་ནུས་ཡོད་པའི་ནར་མ་སོན་པའི་མིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་སམ།

ཡོང་ཁུངས། ཁྲིམས་ལུགས་ཚགས་པར།

གྱོད་དཔེ།

ནོར་བུ་ད་ལྟ་ལོ15ཡིན་ཞིང་། ཁོ་ནི་སྒོར་མོ་འཚོལ་བར་བློ་རིག་འཛོམས་པའི་མཐོ་འབྲིང་སློབ་མ་ཞིག་ཡིན། དམའ་འབྲིང་ནས་བཟུང་ཁོས་རང་ཉིད་ཀྱི་བསགས་དངུལ་སྤྱད་ནས་ཚོང་ལས་གཉེར་མགོ་བརྩམས། ངལ་གསོའི་དུས་ཆེན་སྐབས་སུ་གཞིས་ཁུལ་དུ་ཉིན་རྒྱུན་གྱི་འཚོ་བའི་མཁོ་ཆས་འཚོང་བཞིན་ཡོད་པ་དང་། ཚང་མའི་སེམས་སུ་ནོར་བུ་ནི་བློ་རིག་འཛོམས་པའི་བྱིས་པ་ཞིག་ཡིན་པར་འདོད་ནས་ཁོའི་ཚོང་ལས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་དེ། ནོར་བུས་གཞིས་ཁུལ་དེའི་ཁྱིམ་བདག་རྣམས་ཀྱི་གཞི་རྩའི་མཁོ་ཆས་རྣམས་ཕྱོགས་སྡོམ་བྱས་ནས་བཙོངས་པའི་དངོས་ཟོག་རྣམས་ལ་ཚང་མས་དགའ་བསུ་ཐོབ་པར་མ་ཟད་ཚོང་ལས་ཀྱང་དར་རྒྱས་སུ་འགྲོ་བཞིན་ཡོད་པས། ལོ་འགའི་རིང་དུ་ནོར་བུས་ཚོང་ལས་གཉེར་ཏེ་ཡོང་སྒོ་མི་ཉུང་བ་ཞིག་བཙལ་ཡོད། ཉིན་ཞིག་ནོར་བུས་སློབ་ཁྲིད་ཀྱི་རྗེས་ཆོད་རྒྱུ་མ་རེད་བསམས་ནས་ལྕགས་རྟ་མགྱོགས་པོར་བསྐོར་བས་ཁ་ལོ་བསྒྱུར་མ་ཐུབ་པར་ལམ་གྱི་བཞི་མདོ་རུ་འགྲོ་བཞིན་པའི་བཀྲ་ཤིས་ལ་གདོང་ཐུག་བརྒྱབ་ནས་རྐང་བར་རྨས་སྐྱོན་བཟོས། དེ་ནས་ནོར་བུས་བཀྲ་ཤིས་ཁྲིད་ནས་སྨན་ཁང་དུ་སོང་སྟེ་སྨན་བཅོས་བྱས་ཤིང་སྨན་བཅོས་འགྲོ་གྲོན་ལ་སྒོར1000ཤོར། བཀྲ་ཤིས་ཀྱི་ཁྱིམ་བདག་གིས་ནོར་བུའི་ཕ་མས་སྨན་རིན་སྟེར་དགོས་པའི་རེ་བ་བཏོན་པ་ན། ནོར་བུའི་ཕ་མས་ནོར་བུ་ལ་དཔལ་འབྱོར་གྱི་ཆ་རྐྱེན་ལྡན་པས་ཁོ་རང་ཉིད་ཀྱིས་སྟེར་དགོས་ཟེར།

བཅའ་ཁྲིམས་དབྱེ་ཞིབ།

གྱོད་དོན་འདི་ནི་དཔལ་འབྱོར་གྱི་ཆ་རྐྱེན་ངེས་ཅན་ལྡན་པའི་ནར་མ་སོན་པའི་མིས་ལྕགས་རྟ་ཞོན་ཏེ་མི་གཞན་དང་གདོང་ཐུག་བརྒྱབ་ནས་རྨས་སྐྱོན་བཟོས་པ་དང་། མི་གཞན་དེའི་སྨན་རིན་ནར་མ་སོན་པའི་མི་རང་ཉིད་ཀྱིས་འགན་འཁུར་དགོས་སམ་དེའི་ཕ་མས་འགན་འཁུར་དགོས་པའི་གནད་དོན་ཞིག་རེད།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1188པའི་ནང་གསེས2པའི་གཏན་འཁེལ་ལྟར་ན། “རྒྱུ་ནོར་ཡོད་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་མཁན་དང་། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་གྱིས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། རང་ཉིད་ཀྱི་རྒྱུ་ནོར་ཁྲོད་ནས་འགྲོ་གྲོན་གཏང་དགོས་པ་དང་། མི་འདང་བའི་ཆ་དེ་ལྟ་སྐྱོང་མཁན་གྱིས་སྐྱིན་ཚབ་སྤྲད་རྒྱུ”ཞེས་བཀོད་ཡོད་ལ། དེ་མིན་བཅའ་ཁྲིམས་འདིའི་དོན་ཚན18པའི་ནང་། “མི་དར་མ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་ཡིན་པས། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་རང་ཉིད་ཀྱིས་ལག་བསྟར་བྱས་ཆོག་པ་དང་། ལོ16ཡན་གྱི་ནར་མ་སོན་པའི་མིས་རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་ནི་འཚོ་བའི་ཡོང་ཁུངས་གཙོ་བོ་ཡིན་པས། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་ལ་བརྩི་རྒྱུ”ཞེས་བཀོད་ཡོད།

གྱོད་དོན་འདིའི་ནང་དུ་སྤྱིར་ནོར་བུ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚད་བཀག་ཡོད་པའི་མི་ཞིག་ཡིན་མོད། འོན་ཀྱང་ཁོ་ལ་སྐྱིན་ཚབ་སྤྲོད་པའི་ནུས་པ་ཡོད་པས། ཁོས་བཀྲ་ཤིས་ཀྱི་གྱོང་གུད་ལ་རང་འགུལ་ངང་སྐྱིན་ཚབ་སྤྲད་དགོས་པ་དང་། ནོར་བུས་ཚོང་བརྒྱབ་པ་བརྒྱུད་ནས་རྒྱུ་ནོར་ངེས་ཅན་ཞིག་བསགས་ཡོད་པས་བཀྲ་ཤིས་ལ་སྨན་རིན་སྤྲོད་ཐུབ། དེ་བས། ནོར་བུས་རང་ཉིད་ཀྱི་སྒོར་མོ་བཀོལ་ནས་བཀྲ་ཤིས་ཀྱི་སྨན་བཅོས་འགྲོ་གྲོན་སྒོར1000སྤྲད་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།