སྡེ་བ་གཞན་གྱི་མི་ལ་གཞིས་ཀ་བཙོངས་ཆོག་གམ།

ཡོང་ཁུངས། ཁྲིམས་ལུགས་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ནི་གཡང་ལུང་སྡེ་བའི་སྡེ་མི་ཞིག་ཡིན་ཞིང་། ད་རག་བར་དུ་ས་ཆ་ཡར་མར་ལ་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་ཚོང་ལས་གཉེར་ནས་ལོ་གང་མང་འགོར་བ་དང་། ཕྱིས་སུ་ཚོང་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ངས་རྫོང་ཐོག་ཏུ་སྐྱེལ་འདྲེན་ཀུང་སི་ཞིག་བཙུགས། ཀུང་སིར་དོ་དམ་བྱེད་པ་སྟབས་བདེ་བཟོ་ཆེད། ངས་རྫོང་གི་རྨ་ཆུའི་ཚོ་བ་གཞིས་ཁུལ་ནས་ཁང་པ་ཉོས་ཏེ་ངེད་ཚང་རྫོང་ཐོག་ཏུ་སྤར་ལ། ཕ་ཡུལ་གྱི་ཁང་པ་དག་བེད་མེད་དུ་ལུས་པས་ངས་གཞིས་ཀ་མི་གཞན་ལ་བཙོང་གྲབས་བྱེད་པའི་དོན་དེ་སྒོམ་པ་ཡིས་ཐོས་རྗེས། ཁོས་མྱུར་དུ་སྒོར་མོ་གྲ་སྒྲིག་བྱས་ནས་ངའི་གཞིས་ཀ་ཉོ་རྩིས་བྱས། ཡིན་ན་ཡང་ཁོ་ནི་ལོ་འགའི་སྔོན་དུ་སྡེ་བ་གཞན་ནས་ཡོང་བའི་ཁྱིམ་མཚེས་ཚང་གི་གཉེན་ཉེ་ཡིན་པས་གཞིས་ཀ་ཉོ་མ་ཐུབ། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་འདི་འདྲའི་གནས་ཚུལ་འོག་ཏུ་ངས་དོན་ངོ་མར་གཞིས་ཀ་སྒོམ་པར་བཙོངས་ཆོག་གམ།

ཞེས་སྐྱབས་ལོ་ཡིས།

བློ་མཐུན་སྐྱབས་ལོ་ལགས།

རང་རྒྱལ་གྱི《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན62པའི་ཚན་པ6པའི་གཏན་འཁེལ་ལྟར་ན། “རྒྱལ་ཁབ་ཀྱིས་གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་ལས་པས་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་ཁང་ས་ཕྱིར་འཚོང་བྱེད་པར་ཆོག་མཆན་འགོད་པ་དང་། ཞིང་གྲོང་གི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་བེད་མེད་དུ་བཞག་པའི་ཁང་ས་དང་བེད་མེད་སྡོད་ཁང་གང་ལ་གང་འཚམས་ཀྱིས་བཀོལ་སྤྱོད་བྱེད་པར་སྐུལ་མ་གཏང་རྒྱུ”ཞེས་བཀོད་ཡོད། དེར་བརྟེན། རྒྱལ་ཁབ་ཀྱིས་གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་ལས་པས་ཁང་སའི་སྟེང་གི་ཁང་པ་ཕྱིར་འཚོང་བྱེད་པར་ཆོག་མཆད་དགོད་ངེས། ཡིན་ན་ཡང་ཞིང་ལས་པས་ཁང་པ་ཕྱིར་འཚོང་བྱེད་དུས། ངེས་པར་སྡེ་བའི་ནང་ཁུལ་གྱི་སྡེ་མི་ལ་བཙོང་དགོས། གོང་གི་གྱོད་དོན་འདིའི་ཁྲོད་དུ། སྒོམ་པ་ཁྱོད་དང་མཉམ་དུ་སྡེ་བ་གཅིག་ཏུ་བསྡད་ཡོད་ནའང་། ཁོ་སྡེ་བ་ནང་ཁུལ་གྱི་སྡེ་མི་མིན་པས་ཁྱོད་ཀྱིས་ཁང་པ་ཁོ་ལ་བཙོང་མི་ཆོག

རང་རྒྱལ་དུ་རྩ་དོན་ལྟར་ན་ཁང་ས་རང་མོས་ཀྱིས་ཉོ་འཚོང་བྱས་མི་ཆོག ཡིན་ན་ཡང་རྒྱལ་ཁབ་ཀྱིས་ས་ཞིང་གང་ལེགས་སྒོས་བཀོལ་སྤྱོད་བྱ་ཆེད། ཞིང་སྡེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་བེད་མེད་སྡོད་ཁང་བཀོལ་སྤྱོད་དང་ཁང་ས་ཉོ་འཚོང་བྱེད་པར་ཆོག་མཆན་དགོད་ངེས། དེ་བས་ཞིང་ལས་པས་བེད་མེད་སྡོད་ཁང་མི་གཞན་ལ་ཕྱིར་འཚོང་བྱེད་དུས། ངེས་པར་སྡེ་བ་ནང་ཁུལ་གྱི་སྡེ་མིར་བཤུག་སྤྲོད་བྱ་དགོས། དེ་དང་སྦྲགས་ནས་བཤུག་སྤྲོད་བྱས་རྗེས། སྡེ་མི་དེ་སྔར་བཞིན“ཁྱིམ་ཚང་རེ་ལ་གཞིས་ས་རེ”ཞེས་པའི་རྩ་དོན་དང་མཐུན་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།