ཟས་རིགས་དང་བདེ་ཐང་སྐོར་གྱི་ཤེས་བྱ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟ་ཁུའི་ནད་རྐང་པར་འཕོ་བ་ཇི་ལྟར་འགོག

ཚ་བ་ཆེ་བའི་སྐབས་སུ། གཅིན་སྙི་ཟ་ཁུའི་ནད་པ་རྣམས་བསིལ་ལྷམ་གྱོན་པར་དགའ་བས། རྐང་པའི་མཛུབ་མོ་རྣམས་ཕྱི་ལ་མངོན་པར་རྡོ་དང་ཚེར་མ་ལྟ་བུ་ལ་ཐོགས་སླ། གཞན་དུག་སྦྲེང་གིས་རྨུགས་ཏེ་སྐྱི་པགས་ལ་ཟ་འཕྲུག་ལངས་པ་དང་། དེ་བྲད་ནས་རྨ་སོགས་བཏོད་ན་རེད་པའང་འབྱུང་སླ། དེ་ནི་ཟ་ཁུའི་ནད་རྐང་པར་འཕོ་བའི་རྒྱུ་རྐྱེན་ཞིག་ཡིན་པས། དེ་ཇི་ལྟར་འགོག་དགོས་སམ་ཞེ་ན་ཐབས་འདི་འདྲ་ཡོད་དེ།

1.ཁྲག་གི་མངར་ཆར་ཚོད་འཛིན་གང་ལེགས་བྱེད་པ།

ཟ་ཁུའི་ནད་རྐང་པར་འཕོ་བ་སྔོན་འགོག་བྱེད་ན། གཅིན་སྙི་ཟ་ཁུའི་ནད་པ་རྣམས་ཀྱིས་ངེས་པར་ཤེས་དགོས་པ་ནི་སྨན་པའི་ངག་བཞིན་ཁྲག་གི་མངར་ཆ་ལེགས་པར་ཚོད་འཛིན་བྱེད་རྒྱུ་དེ་ཡིན། དུས་ཐོག་ཏུ་ཁྲག་གི་མངར་ཆའི་ལྡང་ཚད་གཞལ་ནས་ཟིན་ཐོར་འགོད་པ་དང་། དུས་དང་དུས་སུ་བསྐྱར་བརྟག་བྱས་ཏེ་སྨན་གྱི་བསྟེན་ཚུལ་བརྗེ་དགོས་མིན་ལ་བལྟ་དགོས། གཞན་ཐ་མག་གཅོད་གང་ཐུབ་བྱེད་དགོས་ཏེ། ཐ་མག་འཐེན་ན་ཁྲག་རྩ་འཁུམ་པར་བྱས་ཏེ་རྐང་པའི་རྨ་རལ་བའང་བསྐྱེད་སྲིད།

2.རྐང་པར་རྨས་སྐྱོན་ཐེབས་སུ་མི་འཇུག་པ།

ཟ་ཁུའི་ནད་རྐང་པར་འཕོ་དུས་ཀྱི་ཐོག་མའི་སྐབས་ལ་རྐང་ལག་སྦྲིད་པ་དང་ཁབ་ཀྱིས་གཙག་པ་ལྟ་བུའི་ཟུག་གཟེར་ལྡང་བ། སྐྱི་པགས་བརྩེ་བ་དང་སྲེག་སྙམ་བྱེད་པ་སོགས་ཀྱི་ནད་རྟགས་ཐོན་པ་ཡིན། མཚན་མོར་ནད་རྟགས་དེ་དག་ལྷག་པར་གསལ། སྐབས་དེར་ནད་པས་རྐང་པར་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ལ། དུས་ཐོག་ཏུ་རྐང་པར་ཆུ་བུར་ཐོན་ཡོད་མེད་དང་སྐྱི་བཤུས་ཐེབས་ཡོད་མེད། སེར་ཁ་གས་ཡོད་མེད་སོགས་ལ་བརྟག་དགོས། གལ་ཏེ་གནས་ཚུལ་དེ་འདྲ་བྱུང་ཡོད་ཚེ་མྱུར་དུ་སྨན་ཁང་ལ་སོང་ནས་གསོ་བཅོས་བྱེད་དགོས་པ་ལས། རང་འདོད་ཀྱིས་དུག་སེལ་བྱེད་པ་སོགས་ནི་གཏན་ནས་མི་རུང་སྟེ། རྨ་ཁ་བརྡོལ་ནས་རྣག་ཏུ་རེད་པར་འགྱུར་སྲིད།

3.རེད་པ་སྔོན་འགོག་བྱེད་པ།

རེད་པ་ནི་ཟ་ཁུའི་ནད་རྐང་པར་འཕོ་བའི་ནད་དགྲ་ཤ་སྟག་ཅིག་ཡིན། གཅིན་སྙི་ཟ་ཁུའི་ནད་པ་རྣམས་ཀྱིས་རྐང་པའི་གཙང་སྦྲ་ལ་ཤིན་ཏུ་གཟབ་དགོས། ལྷམ་འབོལ་དུས་ཐོག་ཏུ་བརྗེ་བ་དང་། རྐང་པར་བདེ་བ་གནད་དུ་འཛིན་དགོས། མཛུབ་བར་རྣག་པ་དང་རྐང་དྲི་ལྡང་བ། ཤུ་བ་འཕེལ་བ་སོགས་ལ་མཐའ་གཅིག་ཏུ་གཡོལ་གང་ཐུབ་བྱེད་དགོས། རྐང་པར་ཕྲ་སྲིན་གྱི་གནོད་པ་མི་ཡོང་ཆེད། གཅིན་སྙི་ཟ་ཁུའི་ནད་པས་ཉལ་ཁར་འདག་ཆལ་འཇམ་པོའི་རིགས་ཀྱིས་རྐང་པ་བཀྲུས་ན་བཟང་།

4.ཁྲག་གི་རྒྱུ་བ་མི་འགག་པར་བྱེད་པ།

ཟ་ཁུ་རྐང་པར་འཕོས་པའི་ནད་ཇེ་སྡུག་ཏུ་ཕྱིན་ན། མཐའ་མཇུག་ཁྲག་གིས་མ་འདང་བར་རྐང་པར་རྨ་རལ་ཚབས་ཆེན་འབྱུང་བར་བྱེད་ལ། རྐང་པ་གཅོད་དགོས་པའི་ཚད་ལའང་འགྲོ་ཉེན་ཆེ། ནད་ཐོག་ཏུ་གཅིན་སྙི་ཟ་ཁུའི་ནད་པར་ཁྲག་རྩའི་ནད་འགྱུར་བྱུང་ཚེ། རྐང་པ་གཅོད་དགོས་པར་ཐུག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན། དེ་བས་གཅིན་སྙི་ཟ་ཁུའི་ནད་པས་ཁྲག་གི་མངར་ཆ་ལ་ཚོད་འཛིན་བྱེད་པ་དང་མཉམ་དུ། ཁྲག་གི་རྒྱུ་བ་འགག་མིན་ལའང་ཤིན་ཏུ་གཟབ་དགོས། རབ་ཡིན་ན་ནད་པས་ཁྲག་ཤེད་དང་ཁྲག་ཚིལ་ལ་ཚོད་འཛིན་གང་ལེགས་བྱེད་བཞིན། དུས་ཐོག་ཏུ་རྐང་པའི་འཕར་རྩ་ལ་དམིགས་སུ་བརྟག་དཔྱད་བྱེད་པ་དང་། གལ་ཏེ་འཕར་རྩ་རེངས་པའི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་གསོ་བཅོས་བྱེད་དགོས།

5.ཉིན་རྒྱུན་གྱི་བདེ་སྲུང་ཤིན་ཏུ་གལ་ཆེ།

དེ་ལ་ཉིན་རྒྱུན་དུ་རྐང་པར་བརྟག་དཔྱད་བྱེད་རྒྱུར་གོམས་དགོས་པ་དང་། རྐང་པར་གཙང་སྦྲ་ལེགས་པོ་བྱེད་པ། དུས་ཐོག་ཏུ་སེན་མོ་འདྲ་བ། རྐང་རྗེན་དུ་མི་འགྲོ་བ་དང་རྐང་རྗེན་དུ་བསིལ་ལྷམ་དང་འདྲུད་ལྷམ་མི་གོན་པ། ལྷམ་འབོལ་ཉིན་རྒྱུན་དུ་བརྗེ་བ་དང་བཀྲུ་བ། ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་གང་འཚམ་དང་། ཡང་ན་བསྐུ་མཉེ་གང་འཚམ་བྱེད་པ། སྟན་འཇམ་པོ་དང་སྙི་མོར་འདུག་པ་སོགས་གཙིགས་སུ་ལེན་དགོས་ལ། དེ་དག་ལའང་བྱེ་བྲག་མཉམ་འཇོག་དགོས་ས་མང་མོད་ཞིབ་ཆ་འབྲེལ་ཡོད་ཤེས་བྱར་བལྟས་ན་གོ་སླའོ། །

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།