ཁྱི་ལྡོམ་ལ་ཐུག་ན་ངེས་པར་དུ་འདི་ལྟར་བྱེད་དགོས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།

 ཟླ་བ་༡༠ཚེས་༡༦ཉིན་ཁྲེང་ཏུའུ་ཁྲུང་ཀྲོའུ་ཡི་འདུས་ཁུལ་ག་གེ་མོ་ཞིག་ཏུ་ཁྱིས་སོ་བཏབ་པའི་དོན་རྐྱེན་བྱུང་བས་ངོ་མ་སྐྲག་སྣང་ཆེ་བ་ཞིག་རེད། གློག་མིག་ལས་མཐོང་བ་ལྟར་ན། འདུས་ཁུལ་གྱི་སྤང་ཐོག་ནས་སྐེ་ཐག་བཏགས་མེད་པའི་ཁྱི་ཆེན་པོ་ཞིག་གློ་བུར་དུ་ལམ་འགྲམ་དུ་རྒྱུག་བཞིན་པའི་ལོ་གཉིས་ལས་མེད་པའི་བུ་མོ་ཆུང་ཆུང་ཕྱོགས་ལ་རྒྱུགས་ནས། སྐར་མ་གཅིག་ཙམ་ལ་བུ་མོ་ཆུང་ཆུང་ལ་འཐམ་ཀྱང་ཁྱིའི་བདག་པོ་མ་ཐོན་པ་རེད། མྱུར་སྐྱོབ་བྱས་པ་བརྒྱུད་བྱིས་པ་ཚེ་སྲོག་འཆོར་བའི་ཉེན་ཁ་ལས་ཐར་ཡང་། མཁལ་མ་གཡོན་པར་རྨས་ཚབས་ཆེན་ཕོག་པ་དང་། རྩིབ་རུས་གཡས་པ་རུས་ཆག་སོང་བ་སོགས་ཀྱི་རྨས་སྐྱོན་བྱུང་བས། མིག་སྔར་ད་རུང་སྨན་ཁང་དུ་སད་མ་ཐུབ་པར་ལུས་ཡོད།

མི་མང་པོ་ཞིག་གིས་བརྙན་དེ་མཐོང་རྗེས་ཚིག་པ་ཟ་ཁོ་ཐག་ཡིན། མི་མང་པོ་ཞིག་གིས་དུས་རྒྱུན་འཚོ་བའི་ཁྲོད་སྐེ་ལ་ཐག་པ་མ་བཏགས་པར་ཁྲིད་ནས། གློག་སྐས་གུ་དོག་པོའི་སར་ཁྱི་རྒན་གྱིས་མིའི་རྐང་པར་སྣོམ་པ་དང་། བྱིས་པ་ཁྲིད་ནས་འགྲོ་བའི་སྐབས། གློ་བུར་དུ་ཐོག་ལ་ཁྱི་རྒྱུག་པའི་གནས་ཚུལ་ལ་འཕྲད་མྱོང་། 

ཁྱིམ་བདག་དང་ལྟ་སྐྱོང་མཁན་རྣམས་དོན་དག་འདི་རིགས་ལ་འཕྲད་ན་ཇི་ལྟར་བྱ་དགོས་ཟེར་ན། 

ཁྱིས་སོ་བཏབ་པ་ཚང་མ་ལ་འདྲ་ས་གཅིག་ཡོད་དེ། དེ་ནི་ཁྱིའི་ཁ་ནང་དུ་ཤོར་ན་ཁྱིའི་ཁ་མགྱོགས་པོར་ལྷོད་མི་སྲིད། མི་རྣམས་གནས་ཚུལ་དེ་རིགས་ལ་འཕྲད་སྐབས། སེམས་ལ་ཐོག་མར་དྲན་རྒྱུ་ནི་ཁྱི་རྡུང་བ་དང་། ཡང་ན་ཁྱིས་བཟུང་བའི་མི་བཙན་གྱིས་འཐེན་རྒྱུ་དེ་རེད། འོན་ཀྱང་བྱེད་སྟངས་དེ་རིགས་ནི་དེ་འདྲའི་གོ་ཡག་པོ་ཆོད་པ་ཞིག་མ་ཡིན་པར། ཁྱིའི་ཁ་ལྷག་ཏུ་ཇེ་དམ་དུ་སོང་ནས་རྩ་བ་ནས་ལྷོད་མི་སྲིད། 

མྱུར་དུ་ཁྱིའི་ཁ་ལས་ཐར་བསམ་ན་ཅི་འདྲ་བྱེད་དགོས་རེད་ཟེར་ན།

༡.ཁྱིའི་མིག་སྒྲིབ་དགོས། ལྭ་བ་ཁྱིའི་མགོར་བཀབ་ནས་མིག་གིས་མི་མཐོང་བ་བྱེད་དགོས། 

༢.ཁྱིའི་སྐེ་བསྡམས་དགོས། ལག་ཆ་གཞན་དག་ལ་བརྟེན་པ་སྟེ། དཔེར་ན་ཀོ་སྐགས་དང་རས་ཕྲ་མོ། ཆུའི་སྦུ་གུ། ཐག་པ་སོགས་དང་། ཡང་ན་ཐད་ཀར་ཁྱིའི་སྐེ་ཐག་གིས་སྐེ་བསྡམས་ནས་དབུགས་གཏོང་མི་ཐུབ་པ་བཟོ་དགོས། 

༣.ཁྱི་ལ་ལག་པས་རྒྱག་དགོས། ཁྱི་ལ་རྒྱག་སྐབས་ཀྱང་གང་ལ་ཕོག་ན་དེ་ལ་རྒྱག་པ་མ་ཡིན་པར། གཙོ་བོ་ཁྱིའི་རྣ་བ་དང་མིག་གི་ཟུར་ལ་རྒྱག་དགོས། དེ་འདྲ་བརྒྱབ་ན་ཁྱི་ལ་ན་ཟུག་ཆེན་པོ་ཐེབས་པ་དང་། སྐྲག་ནས་རིམ་བཞིན་ཁ་ལྷོད་ངེས་རེད། 

སེམས་ལ་འཛིན་དགོས་པ་ཞིག་ནི། ངེས་པར་དུ་མྱུར་མོ་དང་གནད་ལ་འཁེལ་བ། ཤུགས་ཆེན་པོས་རྒྱག་དགོས་ཤིང་། དབྱུག་པ་དང་རྡོ་ཡོད་ན་དེ་དག་གིས་བརྒྱབ་ཚེ་ཁྱི་སྐྲག་ངེས་རེད།

ངུ་སྐད་མ་ཤོར་ན་ཡག་པོ་ཡོད་རེད། ངུ་སྐད་ཤོར་ན་ཁྱིས་ཁྱོད་རང་སྐྲག་གི་འདུག་བསམ་ནས་ཁྱིའི་ཁ་ཇེ་དམ་དང་རྩ་བ་ནས་ལྷོད་མ་རེད། 

ཁྱི་ལྡོམ་གྱིས་འཆའ་སོང་ན་ཇི་ལྟར་བྱ་དགོས།

ཁྱི་ལ་མིག་གིས་ཐད་ཀར་བལྟ་མི་ཉན། ཁྱི་ལ་ཐད་ཀར་མིག་གིས་མ་བལྟ། ཁྱེད་ཀྱིས་ཐད་ཀར་ཁྱིའི་གདོང་ལ་ཅེར་བ་ན། རང་ལ་ཉེན་ཁ་ཡོད་པར་དོག་ནས་ངར་ཤུགས་ཇེ་ཆེར་འགྲོ་སྲིད།

འུར་རྒྱག་མི་ཉན། ཁྱི་ལ་སྐད་གཏོང་བ་སོགས་སྐྲག་ཕུད་ན། ཁྱིའི་ངར་ཤུགས་སློང་བ་དང་འཚུབ་ཆ་ལངས་པར་བྱེད་སྲིད་པས། དེས་ཁྱིའི་བདེ་འཇགས་ལ་ཕོག་ཐུག་བཟོས་པས། ཁྱི་ལྡོམ་དེ་ཚོ་གདུག་རྩུབ་ཅན་དུ་འགྱུར་ངེས།

ཁ་ཕྱིར་འཁོར་ནས་མ་བྲོ་མི་ཉན། མི་དང་ཁྱི་འཕྲད་སོང་ན་ཐད་ཀར་བྲོ་མི་ཉན་པར། གནས་དེ་ནས་ལངས་ཏེ་འགུལ་མི་རུང་། ངག་འཇམ་པོས་གཅེས་གཅེས་བྱས་ནས་ལྷོད་ལ་བབ་བཅུག་ཏེ། ཁྱོད་ཀྱིས་ངན་སེམས་བཅངས་མེད་པ་ཤེས་སུ་འཇུག་དགོས།

འགྲམ་གྱི་རྡོ་བླངས་ནས་ཁྱི་ལ་སྐྲག་བསླང་དགོས། ཁྱི་མིའི་ཐོག་ལ་མཆོངས་ནས་འཆའ་གྲབས་བྱེད་དུས། ཁྱེད་ཀྱིས་འགྲམ་གྱི་དངོས་པོ་གང་རུང་བླངས་ཏེ་རང་ལ་སྲུབ་སྐྱོབ་བྱེད་དགོས། དཔེར་ན་རྡོ་དང་སོ་ཕག དབྱུག་པ་ལྟ་བུ་སོགས་ཀྱིས་ཁྱི་ལ་སྐྲག་སློང་དགོས།

ཁྱི་ཡི་རྔ་མ་འཛིན་མི་རུང་། གནས་ཚུལ་ཅི་འདྲ་ཞིག་གི་འོག་ལ་ཡིན་ནའང་ཁྱི་ཡི་རྔ་མ་འཛིན་མི་ཉན་མ་གཏོགས་འཆའ་ཉེན་ཆེ།གལ་ཏེ་ཁྱི་ཡིས་སོ་བཏབ་ན་མྱུར་དུ་འདི་འདྲ་བྱེད་དགོས། ཁྱི་དང་ཞི་ལས་སོ་བཏབ་རྗེས་ཚན་རིག་དང་དུས་མཐུན་གྱི་སྒོ་ནས་བཅོས་དགོས་པ་ལས་དེ་ལ་སྟབས་ལེགས་པའི་བསམ་པ་འཛིན་མི་རུང་།

རྨ་བཀྲུ་བ། ཞི་ལ་དང་ཁྱི་ཡིས་སོ་བཏབ་རྗེས། ཁྲག་བཞུར་ན་མ་བཞུར་ན་མྱུར་དུ་འདག་རྫས་ཀྱིས་མ་མཐའ་ཡང་སྐར་མ་༡༥་ཙམ་ལ་བཀྲུ་དགོས། དེ་ནས་ཆང་བཅུད་བརྒྱ་ཆའི་༧༥འདྲེས་པའམ་ཡང་ན་ཏན་ཡོད་པའི་བྱུག་རྫས་ཀྱིས་དུག་སེལ་བྱེད་དགོས། འདི་ནི་ཚང་མས་ཤེས་དགོས་པའི་རྒྱུན་ཤེས་དང་ཐབས་ཤེས་ཡིན་པས་འདིས་རྨ་ཁ་ཇེ་ཆེར་འགྲོ་བའི་ཉེན་ཁ་ཆུང་དུ་གཏོང་ཐུབ།

དེ་ནས་མྱུར་དུ་སྨན་ཁང་དུ་སོང་ནས་ནད་བཅོས་བྱེད་དགོས།

ཁྱི་སྨྱོ་དུག་གི་འགོག་ཁབ་རྒྱག་དགོས། མགྱོགས་པོར་ཚད་ལྡན་གྱི་འགོག་ཁབ་རྒྱག་སར་སོང་ནས་ཁྱི་སྨྱོ་དུག་གི་འགོག་ཁབ་རྒྱག་དགོས། ཁྱི་སྨྱོ་དུག་གི་འགོག་ཁབ་རྒྱག་དུས་འགོག་ཁབ་ཀྱི་སྒྲིག་རིམ་ཡོངས་ལ་ནན་ཏན་གྱིས་བརྩི་སྲུང་བྱེད་དགོས།

རྨས་སྐྱོན་ཚབས་ཆེན་ཕོག་མཁན་ལ། རྨ་ཁའི་མཐའ་འཁོར་དུ་ཁྱི་སྨྱོ་དུག་གི་འགོག་བཅོས་སྤྲི་དཀར་འགོག་ཁབ་རྒྱག་དགོས། དེས་ཁྱི་སྨྱོ་ནད་དུག་ཕོགས་པར་སྔོན་འགོག་ཡག་པོ་བྱེད་ཐུབ།

གྲོང་ཁྱེར་ནང་ཁྱི་གསོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཁྱི་གསོ་མཁན་དག་གིས་རང་རང་གི་འགན་ཡག་པོ་ཁུར་ནས། ཁྲིམས་མཐུན་གྱིས་ཁྱི་གསོ་བ་དང་། ཁྱིམ་མཚེས་ལ་བརྩི་བཀུར། ཁྱི་ཁྲིད་ནས་འགྲོ་དུས་སྐེ་ཐག་འདོགས་དགོས་པ་དང་། ཁྱིར་ཁ་ཐུམ་རྒྱག་དགོས། གང་འདོད་འདོད་བྱས་ན་རང་ལ་ཁྲིམས་ཀྱི་ཆད་པ་ཕོག་པ་མ་ཟད། གཞན་ལ་ཡང་གནོད་སྐྱེལ་ངེས་རེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།