མཚན་བསྐྱལ་ན་གནོད་འཚེ་ག་འདྲ་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

འཚོ་བའི་གོམ་འགྲོས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས།  མཚན་བསྐྱལ་བ་ནི་དེང་རབས་མིའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།     ལས་ཀའི་གནོན་ཤུགས་ཆེ་ནའང་འདྲ།    ཡང་ན་འཚོ་བའི་གོམས་གཤིས་གང་ཡིན་ཡང་།མཚན་བསྐྱལ་བ་ནི་མིའི་ལུས་སེམས་གཉིས་ཀར་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད། གཤམ་ལ་དེའི་སྐོར་གྱི་གནད་དོན་རེ་རེ་བཞིན་དབྱེ་ཞིབ་བྱ།    

གཅིག མཚན་བསྐྱལ་བའི་མཇུག་འབྲས།

ནད་འགོག་ནུས་ཤུགས་ཇེ་ཞན་དུ་འགྲོ་བ།    མཚན་བསྐྱལ་ན་ལུས་ཕུང་གི་ནད་འགོག་ནུས་པ་ཇེ་ཞན་དུ་སོང་ནས་ནད་འགོ་སླ་བ་དང་།  དུས་ཡུན་རིང་བོར་མཚན་བསྐྱལ་ན་ལུས་ཕུང་གི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་ནད་གཞི་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།    

སྐྱི་ལྤགས་ཀྱི་གནད་དོན།    མཚན་བསྐྱལ་ན་སྐྱི་ལྤགས་ཀྱི་ཆུའི་ཆ་ཤོར་འགྲོ་བས།    སྐམ་པ་དང་ནག་པོར་འགྱུར་བ།    འབྲུམ་སོགས་ཀྱི་གནད་དོན་འབྱུང་སྲིད།     དེ་དང་ཆབས་ཅིག མཚན་བསྐྱལ་ན་སྐྱི་ལྤགས་ཞིག་གསོ་བྱེད་པའི་ནུས་པར་ཤུགས་རྐྱེན་ཐེབས་ཏེ་རྒས་ཚད་ཇེ་མགྱོགས་སུ་འགྲོ་ངེས།   

ཡིད་འཛིན་གྱི་ནུས་པ་ཉམས་པ།    མཚན་བསྐྱལ་ན་ཀླད་ཆེན་གྱི་ངལ་གསོ་དང་ཞིག་གསོ་ལ་ཤུགས་རྐྱེན་ཐེབས་ཏེ།    ཡིད་འཛིན་གྱི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་།    རིག་པ་སྒྲིམ་མི་ཐུབ་པ་སོགས་ཀྱི་གནད་དོན་འབྱུང་།     

ཤ་རྒྱགས་པོ་ཆགས་སླ་བ།   མཚན་བསྐྱལ་ན་ལུས་པོའི་ཟགས་ཐོན་སྐུལ་རྩི་ལ་གནོད་པ་དང་ཡི་ག་ཆེ་རུ་སོང་ནས་ལུས་པོའི་རྙིང་ཚབ་གསར་བརྗེའི་ནུས་པར་ཤུགས་རྐྱེན་ཐེབས་ནས་ཤ་རྒྱགས་པོ་ཆགས་སླ།  

སྙིང་དང་ཁྲག་རྩའི་ནད་འབྱུང་བ།    དུས་ཡུན་རིང་བོར་མཚན་བསྐྱལ་ན་སྙིང་དང་ཁྲག་རྩའི་ནད་རིགས་ཀྱི་ཉེན་ཁ་ཇེ་ཆེར་སོང་སྟེ། ཁྲག་ཤེད་མཐོ་བ་དང་སྙིང་ནད་ལ་སོགས་ཀྱི་ནད་འབྱུང་བའི་ཉེན་ཁ་ཆེ།   

སེམས་ཁྲལ་དང་ཡིད་མུག་གྱི་ནད།   མཚན་བསྐྱལ་ན་སེམས་ཁམས་འཁྲུགས་ཤིང་མི་བདེ་བ། སེམས་ཁྲལ་དང་ཡི་མུག་པའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།    

ཕོ་བ་དང་རྒྱུ་མའི་ནད།  མཚན་བསྐྱལ་ན་ཕོ་རྒྱུ་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་གནོད་པ་དང་ཟས་འཇུ་དཀའ་བ་དང་ཕོ་བ་ན་བ་སོགས་ཀྱི་ནད་འབྱུང་སྲིད།

མཐོང་ནུས་ཇེ་ཞན་དུ་འགྲོ་བ།    མཚན་བསྐྱལ་ན་མིག་ལ་ངལ་དུབ་བྱུང་ནས་སྐམ་རིད་དང་ན་ཟུག་ལངས་པ་སོགས་ཀྱི་གནད་དོན་འབྱུང་སྲིད་པས། དུས་ཡུན་རིང་པོར་མཚན་བསྐྱལ་ན་མཐོང་ནུས་ཇེ་ཞན་དུ་འགྲོ་བ་རེད།   

སྐྲ་ཤུད་པ།   མཚན་བསྐྱལ་ན་ལུས་པོའི་ནང་གི་ཟགས་ཐོན་དོ་མི་མཉམ་པའི་གནས་ཚུལ་ཐོན་ནས་སྐྲ་ཤུད་པའི་ཉེན་ཁ་ཆེ་རུ་འགྲོ་བ་རེད།    

འདོད་སྲེད་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ།    དུས་ཡུན་རིང་བོར་མཚན་བསྐྱལ་ན་འདོད་སྲེད་ནུས་པར་ཤུགས་རྐྱེན་ཐེབས་ཏེ།   འདོད་སྲེད་བྱེད་ལས་ལ་བཀག་འགོག་ཐེབས་པ་ཡིན།     

གློ་བུར་དུ་ཤི་བ།    ཡུན་རིང་ལ་མཚན་བསྐྱལ་ན་གློ་བུར་དུ་ཤི་བའི་ཉེན་ཁ་ཇེ་ཆེར་སོང་ནས་ཚེ་སྲོག་ལ་ཉེན་ཁ་ཚབས་ཆེན་བཟོ་སྲིད།     

གཉིས།    གཉིད་བདེ་བོ་ཞིག་དགོས་ན་ཅི་ལྟར་བྱེད་དགོས།   

ཆོས་ཉིད་དང་མཐུན་པའི་ངལ་གསོ་བའི་དུས་ཚོད་ལྟར་གཉིད་ལོག་དགོས།    ཉིན་རེར་གཉིད་དང་མལ་ལས་ལངས་བའི་དུས་ཚོད་ངེས་གཏན་ཞིག་སྲུང་འཛིན་བྱས་ན།    གཉིད་ཀྱི་སྤུས་ཚད་ཇེ་བཟང་དུ་སོང་ནས་ལུས་པོའི་བདེ་ཐང་ལ་ཕན། 

གཉིད་བདེ་བའི་ཁོར་ཡུག་བསྐྲུན་དགོས།    ལྷིང་འཇགས་ཀྱི་མལ་ཁང་དང་མལ་གདན་དང་སྔས་མགོ་བདེ་མོ་ཞིག་ཡོད་ན་གཉིས་སྐྱིད་པོ་ལོག་ཐུབ།

གློག་རྡུལ་སྒྲིག་ཆས་ཇེ་ཉུང་དུ་གཏོང་བ།    མ་ཉལ་གོང་ལ་གློག་རྡུལ་སྒྲིག་ཆས་མི་སྤྱོད་པ་དང་འོད་སྔོན་པོས་གཉིད་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་བཏང་ན་གཉིད་སྐྱིད་པོ་ལོག་ཐུབ།

འགུལ་སྐྱོད་ཀྱི་ཚད་ཇེ་མཐོར་གཏོང་བ།    འོས་འཚམ་ཀྱི་འགུལ་སྐྱོད་བྱས་ན་ལུས་པོ་ཐང་ཆད་ནས་གཉིད་སྐྱིད་པོ་ལོག་ཐུབ།

བཟའ་བཏུང་གི་གོམས་སྲོལ་ལེགས་སྒྲིག་བྱེད་པ།    ཆང་དང་འཚིག་ཇ་སོགས་ཚད་བརྒལ་གྱིས་འཐུང་ན་གཉིད་ལོག་དཀའ།

མདོར་ན།མཚན་བསྐྱལ་ན་ལུས་ཕུང་དང་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས།    ང་ཚོས་གཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱས་ཏེ།    གང་ཐུབ་ཀྱིས་མཚན་བསྐྱལ་བ་ལས་གཡོལ་དགོས།     དུས་རྒྱུན་ངལ་གསོའི་དུས་ཚོད་ལྟར་གློག་རྡུལ་སྒྲིག་ཆས་མི་བཀོལ་བར་གཉིད་ཡག་པོ་ཞིག་ཡོང་བའི་ཁོར་ཡུག་བསྐྲུན་དགོས་པ་དང་།       གཉིད་མ་ལོག་གི་ཡར་སྔོན་ལ་ལུས་པོ་འགུལ་སྐྱོད་འོས་འཚམ་རེ་དང་། བཟའ་བཏུང་གི་གོམས་གཤིས་ལེགས་སྒྲིག་སོགས་བྱས་ན་གཉིད་ཡོང་སླ་བར་མ་ཟད། འཚོ་བའི་སྤུས་ཚད་ཀྱང་ཇེ་ལེགས་སུ་འགྲོ་ཐུབ་བོ། ། 

ཀླུ་མོས་བསྒྱུར།

རྩོམ་སྒྲིག་པ། ཀླུ་མོ།