མཆིན་པར་གནོད་པའི་ཟས་རིགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཆིན་པ་ནི་མིའི་ལུས་སྟེང་གི་དབང་པོ་གལ་ཆེན་ཞིག་ཡིན་ཞིང་།དེས་དུག་སེལ་བ་དང་རྙིང་ཚབ་གསར་བརྗེ།  མཁྲིས་རྒྱུའི་ཟགས་ཐོན་བྱེད་པ་སོགས་ནུས་པ་གལ་ཆེན་མང་པོ་འདོན་གྱི་ཡོད།     འོན་ཀྱང་དེང་རབས་ཀྱི་མིའི་འཚོ་བ་རོལ་སྟངས་དང་བཟའ་བཏུང་གོམས་གཤིས་མི་ལེགས་པ་ལས་མཆིན་པའི་ནད་རིགས་བྱུང་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།     མི་མང་པོ་ཞིག་གིས་མཆིན་ནད་ཅན་གྱིས་སྲན་ཐུད་ཟ་མི་རུང་བར་འདོད་མོད། དེ་ནི་ནོར་འཁྲུལ་གྱི་བསམ་ཚུལ་ཞིག་རེད། གཤམ་དུ་མཆིན་པར་ཟས་རིགས་དང་དོ་སྣང་བྱེད་དགོས་པའི་སྐོར་ནས་གསལ་བཤད་བྱ་རྒྱུ་ཡིན།

 

དང་པོ།    སྲན་ཐུད་ཀྱི་འཚོ་བཅུད་རིན་ཐང་།     

སྲན་ཐུད་ནི་སྲན་ཆེན་རྒྱུ་ཆ་གཙོ་བོར་བྱས་ནས་བཟོས་པའི་བཟའ་བཅའ་ཞིག་ཡིན་ཞིང་།    དེའི་ནང་དུ་སྤྲི་དཀར་སྤུས་དག་དང་གཏེར་རྒྱུ།    འཚོ་རྒྱུ་བཅས་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    “རྩི་ཤིང་གི་ཤ”ཞེས་བརྗོད་ཀྱི་ཡོད།    སྲན་ཐུད་ཀྱི་སྤྲི་དཀར་གྱི་འདུས་ཚད་ཅུང་མཐོ་ཞིང་།   སྤྲི་དཀར་སྤུས་དག་གི་ཁོངས་སུ་གཏོགས་ལ།    མིའི་ལུས་ཁམས་ལ་མཁོ་བའི་ཨན་གཞི་སྐྱུར་རིགས8འདུས་པས་མིའི་ལུས་ཁམས་ཀྱིས་འཇུ་སླ་བ་ཡིན།     དེ་མིན་སྲན་ཐུད་ལ་ད་དུང་ཀལ་དང་ལྕགས།    ལིན་སོགས་གཏེར་རྒྱུ་ཕུན་སུམ་ཚོགས་པ་དང་།    དེ་བཞིན་འཚོ་རྒྱུB1དང་B2དང་།    Eསོགས་འཚོ་རྒྱུ་རིགས་མང་པོ་འདུས་ཡོད་པས།    མིའི་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད།     

གཉིས།    མཆིན་ནད་ཕོག་མཁན་གྱི་བཟའ་བཏུང་ཐད་ཀྱི་རྩ་དོན།     

མཆིན་ནད་ཅན་གྱིས་བཟའ་བཏུང་འཕྲོད་བསྟེན་དང་འཚོ་བཅུད་སྡེབ་སྦྱོར་ལ་དོ་སྣང་བྱས་ཏེ།    ཟུག་སློང་རང་བཞིན་གྱི་ཟས་རིགས་དང་སྨན་རྫས་ཀྱིས་མཆིན་པར་གནོད་འཚེ་མི་བཟོ་བ་བྱ་དགོས།     གཤམ་དུ་མཆིན་ནད་ཅན་གྱི་ཟ་འཐུང་རྩ་དོན་འགའ་ཡོད་དེ།     

ཚད་དང་རན་པའི་སྒོ་ནས་སྤྲི་དཀར་བསྡུ་ལེན་བྱེད་པ།    མཆིན་ནད་བྱུང་བའི་ནད་པས་སྤུས་ཀ་ལེགས་པའི་སྤྲི་དཀར་རྫས་འོས་འཚམ་ཞིག་འཐུང་ནས་ལུས་ཕུང་གི་རྒྱུན་ལྡན་གྱི་བརྗེ་ཚབ་དང་ནད་འགོག་ནུས་པ་སྲུང་འཛིན་བྱེད་དགོས།     འོན་ཀྱང་སྤྲི་དཀར་རྫས་མང་པོ་ཟོས་ན་མཆིན་པའི་ཁུར་བོ་ཇེ་ལྗིད་དུ་འགྲོ་བས་ནད་གཞི་ཇེ་སྡུག་དུ་འགྲོ་སྲིད།  དེའི་ཕྱིར། མཆིན་ནད་ཕོག་མཁན་གྱིས་ནད་བབ་དང་བསྟུན་ནས་སྨན་པའི་བསམ་འཆར་ལྟར།    སྤྲི་དཀར་གྱི་རིགས་ཟ་བར་ལུགས་མཐུན་གྱིས་ཚོད་འཛིན་བྱ་དགོས།     

ཚིལ་ཉུང་བའི་བཟའ་བཅའ་ཐད་ནས།    མཆིན་ནད་ཅན་གྱི་མཆིན་པའི་བྱེད་ལས་ལ་གནོད་འཚེ་ཐེབས་པ་དང་ཚིལ་གྱི་བརྗེ་ཚབ་ནུས་པ་ཇེ་ཞན་དུ་སོང་བས།    ཚིལ་མང་བའི་ཟས་རིགས་མ་ཟོས་ན་བཟང་།མཆིན་ནད་ཅན་གྱིས་ཚིལ་ཉུང་དང་སྤྲི་དཀར་མང་བའི་ཟས་རིགས་བསྟེན་ན་བཟང་།  དཔེར་ན།    ཤ་གནག་དང་ཉ་རིགས།    སྲན་མའི་རིགས་སོགས་ལྟ་བུ།     

སྔོ་ཚལ་དང་ཤིང་འབྲས་ཀྱི་རིགས་མང་པོ་ཟ་བ།    སྔོ་ཚལ་སོས་པ་དང་ཤིང་འབྲས་ནང་འཚོ་བཅུད་དང་གཏེར་རྒྱུ་ཡོད་པས་མཆིན་པའི་ནུས་པ་སྲུང་སྐྱོབ་དང་ནད་གཞི་དྲག་སྐྱེད་ཡོང་བར་ཕན་ཐོགས་ཡོད་པས།    མཆིན་ནད་ཅན་གྱིས་ཉིན་རེར་སྔོ་ཚལ་དང་ཤིང་འབྲས་འདང་ངེས་ཟོས་ན་ཧ་ཅང་བཟང་། ཟུག་སློང་རང་བཞིན་གྱི་ཟས་རིགས་དང་སྨན་རྫས་སོགས་ཀྱིས་མཆིན་པར་གནོད་འཚེ་དང་ནད་གཞི་ཇེ་སྡུག་ཏུ་འགྲོ་སྲིད་ལ། ཟས་རིགས་ཁ་ཚ་དང་སྣུམ་ཆེ་བ།    དུ་ཆང་སོགས་ལ་འཛེམ་དགོས།

གསུམ།    མཆིན་པའི་སྲུང་སྐྱོབ་ཐད་ཀྱི་མཉམ་འཇོག་དོན་ཚན།     

མཆིན་པར་སྲུང་སྐྱོབ་བྱེད་པ་ནི་མི་ཚང་མས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཡིན།   དེའི་སྐོར་གྱི་མཉམ་འཇོག་དགོས་པའི་གནད་འགའ་ནི་གཤམ་གསལ་ལྟར།  

གཉིད་འདང་ངེས་ཡོད་དགོས་པ།   གཉིད་སྐྱིད་པོ་ཞིག་ཉལ་ན་མཆིན་པའི་དུག་སེལ་དང་ཞིག་གསོ་ལ་ཕན་པས།  དགོང་ལྟར་དུས་ཚོད་བདུན་ནས་བརྒྱད་ལ་གཉིད་ལོག་དགོས།     

ངལ་དུབ་ཆེ་དྲགས་མི་རུང་བ།     ངལ་དུབ་ཆེ་དྲགས་ན་མཆིན་པའི་ཁུར་པོ་ལྕི་རུ་འགྲོ་བ་དང་མཆིན་པའི་རྒྱུན་ལྡན་གྱི་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད།     ངལ་གསོ་དང་སྦྱོང་བརྡར་འོས་འཚམ་བྱས་ནས་ལུས་པོ་བདེ་ཐང་ཡོང་བར་ཕན། 

སེམས་ཁམས་སྐྱིད་པོར་བྱེད་དགོས།  སེམས་ཁམས་མི་ལེགས་པ་ཡིས་མཆིན་པར་གནོད་འཚེ་བཟོ་སྲིད་ལ།    མཆིན་པའི་རྒྱུན་ལྡན་གྱི་ནུས་པར་ཡང་ཤུགས་རྐྱེན་ཐེབས་སྲིད།     སེམས་ཁམས་བཟང་བོ་ཞིག་རྒྱུན་འཁྱོངས་བྱས་ཏེ།  སེམས་ཁྲལ་དང་ཡི་མུག་ལ་འཛེམ་དགོས།     

དུས་བཅད་ལྟར་མཆིན་པའི་བྱེད་ལས་ལ་བརྟག་དཔྱད་བྱེད་དགོས།    དུས་བཅད་ལྟར་མཆིན་པའི་བྱེད་ལས་ལ་བརྟག་དཔྱད་བྱས་ན་དུས་ལྟར་མཆིན་པར་ནད་ཡོད་པ་ཤེས་ནས་ནད་གཞི་ཇེ་ངན་དུ་འགྲོ་བ་འགོག་ཐུབ་པས། ལོ་རེར་མཆིན་པའི་བྱེད་ལས་ལ་ཞིབ་བཤེར་ཐེངས་གཅིག་བྱས་ན་བཟང་།

བཞི།    མཆིན་པ་གསོ་བར་ཕན་པའི་ཟས་རིགས།

གོང་དུ་བཤད་པའི་བཟའ་བཏུང་རྩ་དོན་བརྩི་སྲུང་བྱེད་པ་ལས་གཞན།    ད་དུང་མཆིན་པ་གསོ་བའི་ནུས་པ་ལྡན་པའི་ཟས་རིགས་འོས་འཚམ་སྒོས་ཟོས་ཆོག དཔེར་ན།     

འཕང་འབྲས།   འཕང་འབྲས་ལ་མངར་ཆ་མང་བ་དང་འཚོ་རྒྱུCའདུས་ཡོད།    དེ་ལ་མཆིན་པ་དང་མཁལ་མ་གསོ་བའི་ནུས་པ་ལྡན་ཡོད།   

སིལ་དམར།  སིལ་དམར་གྱི་ནང་དུ་འཚོ་རྒྱུCདང་གཏེར་རྒྱུ་མང་པོ་འདུས་ཡོད་པས།    དེ་ལ་མཆིན་པ་དང་ཁྲག་གསོ་བ   གཉིད་ལ་ཕན་པའི་ནུས་པ་ལྡན།     

སྦྲང་རྩི།    སྦྲང་རྩི་ལ་ཕུན་སུམ་ཚོགས་པའི་རྒུན་འབྲུམ་གྱི་མངར་ཆ་དང་སིལ་ཏོག་གི་མངར་ཆ་འདུས་པས།    མཆིན་པ་གསོ་བ་དང་དུག་སེལ་བ།    རྒྱུ་མ་གསོ་བ་བཅས་ཀྱི་ནུས་པ་ལྡན།     

ཇ་ལྗང་།    ཇ་ལྗང་གི་ནང་དུ་ཇ་མང་ཧྥུན་དང་འཚོ་རྒྱུCའདུས་ཡོད་པས། དེར་མཆིན་པ་གསོ་བ་དང་མིག་ལ་ཕན་པ། ཚ་བ་འཇོམས་དུག་སེལ་བཅས་ཀྱི་ཕན་ནུས་ལྡན།    

ལྔ།    བསྡོམས་ཚིག

མཆིན་ནད་ཅན་གྱིས་སྲན་ཐུད་ཟ་ཆོག་མོད།    འོན་ཀྱང་ནད་བབ་དང་སྨན་པས་བཏོན་པའི་བསམ་འཆར་ལྟར་བསྡུ་ལེན་བྱེད་ཚད་ལ་ཚོད་འཛིན་བྱ་དགོས།     མཆིན་པ་གསོ་བ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་མི་ཚང་མས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཡིན་པས།    འཚོ་བའི་གོམས་གཤིས་དང་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཆགས་སུ་བཅུག་ནས། མཆིན་པར་ཕན་པའི་ཟས་རིགས་ཏེ།    དཔེར་ན།  འཕང་འབྲས་དང་།    སིལ་དམར།  སྦྲང་རྩི་དང་ཇ་ལྗང་སོགས་འོས་འཚམ་གྱིས་ཟོས་ཏེ།  མཆིན་པའི་བདེ་ཐང་ལ་དོ་སྣང་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱ་དགོས།     

ཀླུ་མོས་བསྒྱུར།

རྩོམ་སྒྲིག་པ། ཀླུ་མོ།