ཞབས་ཞུ་བྱེད་ཐབས20ཡིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རོགས་ཤུགས་བཏོན།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།
སྤེལ་དུས། 2023-08-16 09:21:07
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་ཞིབ་འཇུག་བྱས་ཏེ། 《ཁྲལ་གྲོན་ཞབས་ཞུ་སྔར་ལས་ལེགས་བསྒྱུར་དང་དམངས་གཉེར་དཔལ་འབྱོར་གོང་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏང་བའི་བྱེད་ཐབས་འགའ》གཏན་ལ་ཕབ་པ་དང་། ཕྱོགས་བཞི་ནས་བྱེད་ཐབས20བཏོན་ཏེ་ཁྲལ་གྲོན་ཞབས་ཞུ་ལེགས་སྒྱུར་ལ་ཤུགས་བསྣན་ནས་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་གོང་སྤེལ་གྱི་སེམས་ཤུགས་ལ་སྐུལ་སློང་དང་དམངས་གཉེར་དཔལ་འབྱོར་གོང་དུ་སྤེལ་བའི་གདེང་སེམས་ཆེ་རུ་བསྐྱེད།
མཚོ་སྔོན་ཁྲལ་དོན་སྡེ་ཚན་གྱིས་དམངས་གཉེར་དཔལ་འབྱོར་ཞབས་ཞུ་མཉམ་ལས་ལམ་ལུགས་ཀྱི་ཕན་ནུས་འདོན་པའི་ཟུར་དེ་ལ་གཞི་བཙུགས་ནས་བཟོ་ཚོང་མཉམ་འབྲེལ་བར་གྱི་མཉམ་ལས་ལམ་ལུགས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། སྡེ་ཚན་ཁག་བར་མཉམ་འབྲེལ་མཉམ་འགུལ་ཐོག2023ལོའི“སྦྲང་ཆར་བསིལ་མས་མྱུ་གུ་བརླན”ཞེས་པའི་ཆེད་དོན་བྱེད་སྤྱོད་དོན་འཁྱོལ་བྱས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་དྲིལ་སྒྲོག་དང་ཁྲལ་གྲོན་རྩད་འདྲི་ལ་ཤུགས་སྣོན། ཁྲལ་འཇལ་ཁྲལ་སྒྲུབ་ཞབས་ཞུ་དང་། ཁྲལ་འཇལ་ཡིད་རྟོན་དོ་དམ། ཁྲལ་གྲོན་གོང་བཅག་གི་སྲིད་ཇུས་ལག་ལེན་ལ་སོགས་ཕྱོགས་སུ་གནས་པའི་དམངས་གཉེར་ཁེ་ལས་དང་སྒེར་གཉེར་ཚོང་བའི་ཁྲལ་འབྲེལ་གནད་དོན་ཐག་བཅད། མཚོ་སྔོན་ཁྲལ་དོན་སྡེ་ཚན་གྱིས་དམངས་གཉེར་གཉེར་སྐྱོང་བྱེད་པོའི་དགོས་མཁོར་དམིགས་ཏེ། བཟོ་ཚོང་མཉམ་འབྲེལ་དང་མཉམ་དུ་རྒྱབ་སྐྱོར་སྲིད་ཇུས་ཁག་ཅིག་ལེགས་སྒྲིག་བྱས་ཁར། ས་ཁོངས་ཀྱི་ཁྱད་ཆོས་ལྡན་ཞིང་། ལག་ལེན་དུ་བསྟར་བདེ་བ། གོ་བ་ལེན་སླ་བའི་སྨྱན་བྱེད་དུ་མའི་ཁྲལ་དོན་དྲིལ་སྒྲོག་གི་ཐོན་རྫས་སྒྲིག་བཟོ་བྱས་ནས་སྨྱན་བྱེད་གསར་པའི་འཕྲིན་སྟེགས་ནས་དྲིལ་སྒྲོག་བྱས་པ་དང་ཆབས་ཅིག ཁྲལ་བསྡུའི་གཞི་གྲངས་ཆེན་པོ་བེད་སྤྱད་དེ། ཁྲལ་དོན་དང་འབྲེལ་བའི་དགོས་མཁོ་མང་པོ་གནད་ཐོག་ཏུ་འབབ་པ་འཚོལ་སྡུད་བྱས་པ་དང་། ཁྲལ་འཇལ་མཁན་དང་གྲོན་འཇལ་མཁན་གྱི་ཁྲལ་སྒྲུབ་ཁྲལ་གྲོན་འཇལ་སྤྲོད་ཟུང་དུ་འབྲེལ་ནས་དབྱེ་ཞིབ་ཐོག་ཁྲལ་འབྲེལ་སྲིད་ཇུས་ཀྱི་ཤོག་བྱང་གཏན་འཁེལ་དང་། རིག་ཤེས་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་གི་བྱེད་པོ་མི་འདྲ་བར་དེ་ལ་དེ་འཚམ་གྱི་ཁྲལ་འཇལ་གྱི་དམངས་ཕན་སྲིད་ཇུས་བཀོད་སྒྲིག་ཐོག་གློག་རྡུལ་ཁྲལ་དོན་ཅུས་བརྒྱུད་དེ་སྐྱེལ་ཐུབ་པ་བྱས་ཡོད།
དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོར་ཞབས་ཞུ་བྱེད་སྟངས་ལེགས་སྒྱུར་གྱི་ཆེད་དོན་བྱེད་ཐབས་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་གློག་རྡུལ་ཁྲལ་དོན་ཅུས་བརྒྱུད་དེ་དམངས་གཉེར་ཁེ་ལས་གསར་པ་དག་ལ“ཁྲལ་གྲོན་གཉེར་བའི་འབྲེལ་གཏུག་བྱང་བུ”སྐྱེལ་ནས་ཁེ་ལས་ཀྱི་མཁོ་ཐོག་ལ་འབྲེལ་ནས་ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཁྲལ་འབྲེལ་ལས་སྒོའི་དོན་ཚན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གསལ་བོ་བྱེད་པར་རོགས་བྱས། དམངས་གཉེར་ཁེ་ལས་ཀྱི་གཞི་ཁྱོན་དང་ཁྲལ་གྲོན་ཞབས་ཞུའི་དགོས་མཁོ་ལྟར་དུ། ཆེད་ལས་ཅན་གྱི་དམངས་གཉེར་ཁེ་ལས་གསར་པ་དང་། ཁྲལ་ཁུངས་དཀྱུས་མའི་ཁེ་ལས། སྒེར་གཉེར་བཟོ་ཚོང་བཅས་ལ་རིགས་དབྱེ་སྟེ་ཞབས་ཞུ་བྱེད་ཐབས་ལག་བསྟར་བྱས་ནས་ཆེད་ལས་ཅན་གྱི་སྤུས་ལྡན་ཁེ་ལས་ཆུང་འབྲིང་མང་པོ“ཁེ་ལས་ཆེན་པོ”རུ་འགྱུར་བར་སྐུལ་འདེད་བཏང་། མཚོ་སྔོན་གྱི་འཕེལ་རྒྱས་འཐབ་ཇུས་དམིགས་སུ་བཟུང་སྟེ། སླར་ཆགས་ཐུབ་པའི་ནུས་ཁུངས་དང་། ཚྭ་མཚོ། སྐྱེ་ཁམས་ཡུལ་སྐོར། ཞིང་ཕྱུགས་ཐོན་ལས་ཐོན་ཁུངས་ལ་སོགས་འབྲེལ་ཡོད་དམངས་གཉེར་ཁེ་ལས་གཙོར་བཟུང་ནས་རེ་རེར་ཡིག་ཚགས་བཟོས་ཤིང་། ཐུན་མོང་མ་ཡིན་པའི “དམིགས་འབེན་ཞབས་ཞུ”ཚད་དང་རིམ་པ་བསྒྲིགས་པ་དང་། ཁྲལ་འབྲེལ་གནད་དོན་ཐག་གཅོད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་དམངས་གཉེར་ཁེ་ལས་བདེ་ཐང་ངང་ནས་གོང་དུ་སྤེལ་བར་ཞབས་ཞུ་བསྒྲུབས།
ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཕན་བདེ་དེ་དག་ལོངས་སྤྱོད་ཐུབ་པར་འགན་ལེན་བྱ་ཆེད། མཚོ་སྔོན་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གཞི་གྲངས་ཆེན་མོ་སྤྱད་དེ་སྲིད་ཇུས་དོན་འཁྱོལ་བྱས་པའི་གྲུབ་འབྲས་དང་ཕན་འབྲས་ལ་དབྱེ་ཞིབ་བྱས་ནས་གནད་དོན་ཡོད་པ་དུས་ཐོག་ཏུ་དག་ཐེར་བྱས། རིམ་ཁག་ཁྲལ་དོན་ལས་ཁུངས་དང་བཟོ་ཚོང་མཉམ་འབྲེལ་གྱིས་ཁེ་ལས་བར་མ་སྐུལ་རང་རྟོགས་ཀྱིས་འབྲེལ་བ་བྱས་ནས་རྟོག་ཞིབ་དཔེ་མཚོན་ལྡན་པ་བྱས་ཏེ། འབྲེལ་ཡོད་ལས་སྒོ་གཉེར་མཁན་སྡེ་ཚན་དང་། ཁྲལ་འབྲེལ་ཆེད་ལས་ཀྱི་ཞབས་ཞུ་ལས་ཁུངས། ཁེ་ལས་ཀྱི་ནོར་དོན་པ་བཅས་ནང་འདྲེན་བྱས་ནས་བརྗོད་གཞི་ཅན་གྱི་རུ་དཔུང་སྒྲིག་འཛུགས་ཐོག དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོ་གསར་འཛུགས་དང་། གཉེར་སྐྱོང་། འཕེལ་རྒྱས་སོགས་དུས་རིམ་སོ་སོའི་ཁྲོད་ཀྱི་ཁྲལ་འབྲེལ་དཀའ་གནད་ལ་རྟོག་ཞིབ་བྱས་པ་དང་། དཔེ་མཚོན་རང་བཞིན་གྱི་དབྱེ་ཞིབ་བྱས་ཏེ། དཀའ་གནད་གསེད་དཀྲོལ་གྱི་ཐབས་ཇུས་དང་ཐབས་ལམ་འཚོལ་ཞིབ་དང་། ཁྲལ་གྲོན་ཞབས་ཞུ་ལེགས་སྒྱུར་ལ་ཐབས་ཇུས་ཀྱིས་རྒྱབ་སྐྱོར་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོ་སྐྱོན་བྲལ་ངང་གོང་ནས་གོང་དུ་འཕེལ་བར་འགན་སྲུང་ཏན་ཏིག་བྱས།
ལོ་ཙཱ་བ། ཁོན་ཐར་འཚོ།