འཛེམ་བྱ།
རང་རང་གི་དད་མོས་དང་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ལྟར་རང་རང་ས་ཁུལ་དུ་ལས་ཀའི་འཛེམ་བྱའང་འདྲ་མིན་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་དེ། ས་ཞིང་རྨོ་འདེབས་སྐབས་ཀྱི་ས་བོན་མཛོད་ནས་ལེན་དུས་མི་གཞན་གྱིས་མཐོང་བར་འཛེམ་པ་དང་། ཐོང་ཁ་ཕྱེ་བའི་ཉིན་དེར་ནང་མི་སྤུན་ཟླ་དང་། ཁྱིམ་མཚེས་གཡས་གཡོན་དུ་ཁ་འཛིང་སོགས་ལ་འཛེམ་པ་དང་། གཞན་ད་དུང་རྨོ་ཕྱུགས་ལ་གཅར་རྡུང་དང་དམོད་མོར་འཛེམ་ཞིང་། ཞིང་ལས་ཡོ་བྱད་ཆེ་ཆུང་དང་བཟང་ངན་གང་ཡིན་ཆག་གྲུམ་ལ་འཛེམ་པ། ལོ་ཏོག་སྐྱེས་པ་ནས་བཟུང་ཞིང་བར་དུ་སྡོང་པོ་གཅོད་པ་དང་རྩྭ་ལྡུམ་འབྲེག་པ་སོགས་ལ་འཛེམ་པ་ཡིན།
གནོད་པ།
བཤད་ཚུལ་ལ་ས་དེའི་ས་བདག་དང་གནས་བདག་ལྟ་བུར་གྱུར་པའི་ཀླུ་རིགས་དག་མ་དགའ་ན་སེར་སད་སོགས་ཀྱི་གནོད་པ་གང་རུང་སྐྱེལ་ཡོང་བར་བཤད་ལ། ལོ་ཏོག་འབྲེག་རན་ལ་ཉེ་བའི་སྐབས་སུ་ཞིང་བར་ནས་རྩྭ་ལྡུམ་སོགས་འབལ་འབྲེག་གཅོད་གསུམ་བྱེད་པ་ལ་ཤིན་ཏུ་འཛེམ། སྣང་ཚུལ་དེ་དག་ལ་ཞིང་ལས་ས་ཁུལ་གྱི་བཤད་སྒྲོས་སུ་སྡེ་བརྒྱད་ཀྱིས་རང་གི་ལག་ཏུ་ལོ་ཏོག་གི་འབྲས་བུ་མ་ལོན་སྙམ་སྟེ། ཆར་ཞོད་དང་སེར་བ་ཆེན་པོ་བཏང་ནས་ལོ་ཏོག་གི་འབྲས་བུ་ལེན་པའི་ཚུལ་བྱེད་པ་སོགས་འཛེམ་བྱ་ཤིན་ཏུ་མང་ལ། དོན་དངོས་སུ་འཛེམ་བྱ་དེ་དག་ནི་ལོ་ཏོག་སྨིན་མ་སྨིན་གྱི་སྐབས་དེར་གཞན་དང་གཞན་གྱིས་གཏོར་བརླག་མི་ཡོང་བའི་ཐབས་སུ་བྱས་སོ། །
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།