དཀའ་ངལ་ཡོད་པའི་ཁྱིམ་ཚང་གིས་གནས་སྐབས་རོགས་སྐྱོབ་ལ་ཇི་ལྟར་རེ་ཞུ་རྒྱག་དགོས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-03-09 15:48:40
གནས་སྐབས་རོགས་སྐྱོབ་བྱ་ཡུལ་གང་དག་ཡོད།
གཙོ་བོ་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་འཚོ་བའི་ཉེར་སྤྱོད་གྱི་འགྲོ་སོང་གློ་བུར་དུ་འཕར་ནས། ཁྱིམ་ཚང་གི་ཐེག་ཚད་ལས་བརྒལ་ཏེ་གཞི་རྩའི་འཚོ་བ་དུས་ཡུན་ངེས་ཅན་ཞིག་གི་ནང་དཀའ་ངལ་ཚབས་ཆེན་འཕྲད་པའི་ཁྱིམ་ཚང་དང་མི་སྒེར་བཅས་ཡིན།
རོགས་སྐྱོབ་ཀྱི་ཚད་གཞི་ག་འདྲ་ཡིན་ནམ།
གཏོང་སྤྲོད་རྣམ་པའི་རོགས་སྐྱོབ་བྱ་ཡུལ་གྱི་རོགས་སྐྱོབ་ཚད་གཞི་ནི། གཏོང་སྤྲོད་རྣམ་པའི་རོགས་སྐྱོབ་བྱ་ཡུལ་གྱི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ། ས་གནས་ཀྱི་ལོ་གོང་མའི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་དམའ་བ་དང་། ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་དེ་གཏོང་སྤྲོད་རྣམ་པའི་དབུལ་ཕོངས་ཁྱིམ་ཚང་གཏན་འཁེལ་བྱ་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རིགས་དང་རེ་འདུན་ཞུ་ཡུལ་ལ་ནད་ཕོག་པ་དང་། སློབ་གྲྭར་འགྲོ་བ། བློ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པ་སོགས་ལས་བྱུང་བའི་འགྱུར་མེད་རང་བཞིན་གྱི་འགྲོ་སོང་དང་། གཞི་རྩའི་འཚོ་བའི་ཐད་ཀྱི་འགྱུར་མེད་རང་བཞིན་གྱི་འགྲོ་སོང་གི་ཆ་ཤས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ལྕི་རིགས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོར། སློབ་གསོའི་རོགས་སྐྱོར། སྡོད་ཁང་རོགས་སྐྱོར། ལས་ཞུགས་རོགས་སྐྱོར་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་སམ་ཡང་ན་འབྲེལ་ཡོད་དགེ་སྒྲུབ་རྣམ་གྲངས་ཀྱི་རོགས་སྐྱོར་འཕྲི་འཐེན་རྗེས། སྒེར་ནས་འགན་འཁུར་དགོས་པའི་ཆ་དེ་གཏན་འབེབས་ཀྱི་བསྡུར་གྲངས་ལྟར་རོགས་སྐྱོར་བྱ་དགོས། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ་དང་། དྭ་ཕྲུག ཨེ་ཙེའི་ནད་ཀྱིས་བཟུང་པའི་བྱིས་པ། དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་བཅས་ལ་གཏན་འབེབས་ཀྱི100%ལྟར་རོགས་སྐྱོར་བྱ་རྒྱུ་དང་། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ལ80%ལྟར་རོགས་སྐྱོར་བྱ་རྒྱུ། མ་མཐའི་འཚོ་བའི་འགན་ལེན་གྱི་བས་མཐའ་ན་ཡོད་པའི་ཁྱིམ་ཚང་དང་། དབུལ་ཐར་བརྟན་པོ་མིན་པའི་ཁྱིམ་ཚང་། དབུལ་པོར་འགྱུར་སླ་བའི་ཁྱིམ་ཚང་། ཐོལ་བྱུང་གི་དཀའ་ངལ་ཚབས་ཆེན་ཡོད་པའི་ཁྱིམ་ཚང་བཅས་ལ50%ལྟར་རོགས་སྐྱོར་བྱ་རྒྱུ་རེད།
ཐོལ་བྱུང་དང་སྐབས་འཕྲལ་གྱི་རྐྱེན་དུ་མས་དབང་གིས་དཀའ་ངལ་བྱུང་བའི་མི་སྒེར་རམ་ཁྱིམ་ཚང་ལ། འཕྲལ་བསྟུན་རོགས་སྐྱོབ་དང་བར་བརྒལ་དུས་ཀྱི་འཚོ་བར་རོགས་སྐྱོར་བྱས་རྗེས་སུ་གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ངལ་ཅུང་ཆེ་བའི་མང་ཚོགས་དང་། རེ་ཞུ་གསར་པ་རྒྱག་པའི་བརྒྱུད་རིམ་ནང་གནས་སྐབས་འཚོ་བར་དཀའ་ངལ་འཕྲད་པའི་ཁྱིམ་ཚང་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ། དཀའ་ངལ་གྱི་གནས་ཚུལ་ཏེ་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་དང་དཀའ་ངལ་གྱི་ཤུགས་རྐྱེན་ཐེབས་པའི་དུས་ཚོད་རིང་ཐུང་ལ་གཞིགས་ནས། རོགས་སྐྱོབ་བྱེད་ཚད་གཏན་འཁེལ་བྱ་རྒྱུ་དང་། རྩ་དོན་ཐོག་རོགས་སྐྱོར་ཆེས་མཐོ་ཤོས་དེ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ5ལས་མི་བརྒལ་པ་བྱ་རྒྱུ་རེད།
གནས་སྐབས་ཀྱི་རོགས་སྐྱོབ་ལ་ཇི་ལྟར་རེ་ཞུ་བྱེད་དགོས།
རོགས་སྐྱོབ་དངུལ་འབོར་སྒོར5000ལས་དམའ་ན།(སྒོར5000ཚུད)ལས་ཀའི་ཉིན་གྲངས7ནང་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་དང་། ཞིབ་བཤེར། ཞིབ་བཤེར་ཆོག་མཆན་འགོད(གནས་སྐབས་སུ་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་མི་བྱེད)པའི་དུས་མཚུངས་སུ“སྡེ་ཁག་གཅིག་གིས་སྒྲུབ་པའི”མ་ལག་བརྒྱུད་དེ། མི་སྒེར་གྱི་ཞུ་ཡིག་དང་ཞིབ་བསྡུར་དབང་ཡིག་སོགས་འབྲེལ་ཡོད་ཡིག་ཆ་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་ལ་བརྒྱུད་སྤྲོད་བྱེད་དགོས། རོགས་སྐྱོབ་དངུལ་འབོར་སྒོར5001ལས་མཐོ་ན(སྒོར5001ཚུད་པ)ལས་ཀའི་ཉིན་གྲངས5ཡི་ནང་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་ཞིབ་བཤེར་བྱེད་དགོས་པ་མ་ཟད། “སྡེ་ཁག་གཅིག་གིས་སྒྲུབ་པའི”མ་ལག་བརྒྱུད་དེ་འབྲེལ་ཡོད་ཡིག་ཆ་བརྒྱུད་སྤྲོད་བྱས་ནས་དུས་ཐོག་ཏུ་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་དགོས་པ་དང་། ལས་ཀའི་ཉིན་གྲངས5ཡི་ནང་རོགས་སྐྱོབ་ཞིབ་བཤེར་ཆོག་མཆན་སྤྲད་དགོས་པ་རེད།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།