བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་ཐད།
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2023-02-03 10:26:00
ཚེས27ཉིན། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། བཟོ་བཅོས་འཆར་ཟིན་གྱི་ཞིབ་བཤེར་གཉིས་པའི་མ་ཟིན་དང་བསྡུར་ན་བཟོ་བཅོས་འཆར་ཟིན་གྱི་ཞིབ་བཤེར་གསུམ་པའི་མ་ཟིན་ནང་། འབྲེལ་ཡོད་གཏན་འབེབས་སྔར་ལས་འཐུས་སྒོ་ཚང་དུ་བཏང་ནས་དབུལ་ཕོངས་བུད་མེད་དང་། རྒན་རྒོན་བུད་མེད། དབང་པོ་སྐྱོན་ཅན་བུད་མེད་སོགས་དཀའ་ངལ་ཡོད་པའི་ཚོགས་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད།
བཟོ་བཅོས་འཆར་ཟིན་གྱི་ཞིབ་བཤེར་གསུམ་པའི་མ་ཟིན་ནང་། མི་དམངས་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དབུལ་ཕོངས་བུད་མེད་དང་། རྒན་རྒོན་བུད་མེད། དབང་པོ་སྐྱོན་ཅན་བུད་མེད་སོགས་དཀའ་ངལ་ཡོད་པའི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་གཏན་འབེབས་ལྟར་དེ་དག་ལ་འཚོ་བའི་རོགས་སྐྱོར་དང་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་སོགས་ཀྱི་གཅེས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱ་དགོས་པ་ཁ་གསལ་བྱས་ཡོད།
བུད་མེད་ལས་བཟོ་པའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་གི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་དམིགས་ནས། བཟོ་བཅོས་འཆར་ཟིན་གྱི་ཞིབ་བཤེར་གསུམ་པའི་མ་ཟིན་ནང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཁ་གསལ་བཟོས་པ་དང་། མི་བཀོལ་མཁན་སྡེ་ཚན་གྱིས་བུད་མེད་ཀྱི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་གི་ཁེ་དབང་ལ་གནོད་འཚེ་བཏང་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་འགན་སྲུང་སྡེ་ཁག་གིས་བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ནས་མི་བཀོལ་མཁན་སྡེ་ཚན་ལ་གླེང་མོལ་བྱས་ནས། ཁྲིམས་ལྟར་ལྟ་སྐུལ་བྱས་ཆོག་པ་མ་ཟད་དུས་བཀག་ནང་དག་བཅོས་བྱེད་དགོས་པའི་བླང་བྱ་བཏོན་ཆོག
བཟོ་བཅོས་འཆར་ཟིན་གྱི་ཞིབ་བཤེར་གསུམ་པའི་མ་ཟིན་ནང་ད་དུང་བུད་མེད་བསླུས་འཚོང་དང་བཙན་ཁྲིད་བྱེད་རིགས་གཏན་འགོག་དང་། བསླུས་འཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་བསླུ་ཉོ་བྱེད་རིགས་གཏན་འགོག བསླུས་འཚོང་དང་བཟུང་ཁྲིད་བྱས་པའི་བུད་མེད་སྐྱོབ་པར་བཀག་འགོག་བྱེད་རིགས་གཏན་འགོག་བྱ་དགོས་པ་གཏན་འབེབས་བྱས་ཡོད། མི་དམངས་སྲིད་གཞུང་རིམ་པ་ཁག་དང་། སྤྱི་བདེ། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་དང་བདེ་ཐང་སོགས་པའི་སྡེ་ཁག་དང་དེ་བཞིན་གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོའི་འགན་འཁྲི་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད། བསླུས་འཚོང་དང་བཙན་ཁྲིད་བྱས་པའི་བུད་མེད་སྐྱོབ་ཐབས་ཀྱང་བྱ་དགོས་པ་དང་། རོགས་སྐྱོབ་བྱས་པའི་བུད་མེད་ལ་བཀོད་སྒྲིག་དང་རོགས་སྐྱོབ། གཅེས་སྐྱོང་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། གོང་གསལ་གཏན་འབེབས་དང་འགལ་ནས་སྙན་སེང་ཞུ་བའི་འོས་འགན་མ་བསྒྲུབས་ན། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་རེད།