ཟླ11པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོ་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་་སྐྱེ་ཁམས་ཁོར་ཡུག་གནད་དོན་རྩ་བཅོས་འགུལ་སྐྱོད་སྐུལ་འདེད་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ལྷན་དུ་འཚོགས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ལ་དངོས་སུ་ལེན་པ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་རྩིག་པ། རྩ་བཅོས་འགུལ་སྐྱོད་ཀྱི་བྱས་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་གཞག་གི་རྣམ་པ་གསར་པ་མུ་མཐུད་དུ་གསར་འབྱེད་བྱས་ནས། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་ཀྱི་གཞི་རྩ་དངོས་བརྟན་དུ་གཏོང་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེས་མགོ་འཛིན་མཛད།
ལིའུ་མའེ་ཕིན་དང་ལིའུ་ཐའོ་གཉིས་ཚོགས་འདུར་ཞུགས། ཚོགས་ཐོག་ནས་རྩ་བཅོས་ལས་དོན་འཕེལ་འགྲོས་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མཚོ་ནུབ་ཁུལ་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཀྲུང་གོའི་ཚྭ་མཚོ་སྡེ་ཚོགས་བཅས་ཀྱི་འགན་འཁུར་པས་གཏམ་བཤད།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཚྭ་མཚོ་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་རྩ་བཅོས་ནི་ངེས་པར་རྣམ་པར་རྒྱལ་དགོས་པའི་འགག་སྒྲོལ་དམག་འཐབ་ཅིག་ཡིན་ལ། སྐད་ཅིག་ཙམ་ལའང་ལྷོད་གཡེང་གཏོང་མི་རུང་བའི་ཡུན་རིང་དམག་འཐབ་ཅིག་ཀྱང་ཡིན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པར་ངོས་ཟིན་ངེས་པར་དུ་གསལ་པོ་བྱ་རྒྱུ་ནི་མཚོ་སྔོན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་རྟོགས་ཟབ་མོ་སྐྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་བརྟག་བཤེར་ཡིན་པས། ཆབ་སྲིད་ཐོག་ནས་བལྟ་བ་དང་ཆབ་སྲིད་ཐོག་ནས་སྒྲུབ་པ། ཆབ་སྲིད་ཐོག་ནས་དག་ཐེར་བྱེད་པ་བཅས་ངེས་པར་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་ཚད་གཞི་མཐོ་བ་དང་སྔར་ལས་བླང་བྱ་ནན་མོ། སྔར་ལས་བྱེད་ཐབས་ནན་མོ་བཅས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གནད་དོན་ཕྱོགས་ཡོངས་ནས་རྩ་སློང་དང་ཕྱོགས་ཡོངས་ནས་དཔྱད་ཞིབ། ཕྱོགས་ཡོངས་ནས་དག་ཐེར་བཅས་བྱས་ཏེ། གནད་དོན་རྩ་བཅོས་ཀྱི་ཚད་གཞི་མི་གཅོག་པ་དང་ལས་མཇུག་མི་བསྐྱུར་བ། བསྐྱར་འབྱུང་མེད་པ་བཅས་ཁག་ཐེག་བྱེད་པ་དང་། རྩ་བཅོས་ཕན་འབྲས་ལ་ལོ་རྒྱུས་དང་ལག་ལེན་གྱིས་བརྟག་བཤེར་ཐུབ་པར་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། གནད་དོན་དག་ཐེར་བཅོས་སྐྱོང་དང་བཤེར་ལེན་ཐོ་བསུབ་སོགས་གཙོ་གནད་ལས་འགན་ལ་སྐུལ་འདེད་ནན་ཏན་གཏོང་བ་དང་། སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་འགུལ་སྐྱོད་སྟོབས་ཤུགས་ཡོད་རྒུས་ལག་ཏུ་བསྟར་བ། ཚྭ་མཚོ་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་དང་འབྲེལ་བའི་ལས་རིགས་ཚད་གཞི་གཏན་ལ་ཕབ་པར་མྱུར་ཏུ་སྐུལ་འདེད་བཏང་སྟེ། དག་ཐེར་གཙང་མ་དང་རྩ་བཅོས་ལ་ཕན་འབྲས་མཐོང་བ། ཚད་གཞི་དངོས་ལ་འབེབས་པ་བཅས་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ལྟ་སྡོམ་ལམ་ལུགས་མ་ལག་ཆ་ཚང་འཛུགས་པ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྡོམ་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ལྟ་སྡོམ་ལ་ཤུགས་སྣོན་པ། ཐོན་ཁུངས་གལ་ཆེན་དཔྱད་ཞིབ་ཆོག་མཆན་འགོད་པའི་གཙོ་གནད་ལྟ་སྡོམ་དང་གོ་རིམ་ཧྲིལ་པོར་ལྟ་སྡོམ་གྱི་བྱེད་ཐབས་སྤྱོད་པ། ལྟ་སྡོམ་འགན་འདྲི་སྔོན་ལ་འཛིན་པ་དང་ཆུང་བ་ནས་འཛིན་པ་བརྒྱུད། ཁོར་སྲུང་ཁྱབ་ཁོངས་ཀྱི་ཉེན་ཁའི་རྐྱེན་ངན་སེལ་ཏེ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”ཚགས་དམ་ལ་སྲ་ཞིང་བརྟན་པ་བཟོ་དགོས། རྒྱུན་སྲིང་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བ། ཏང་སྲིད་མགོ་ཁྲིད་ལས་བྱེད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་ལམ་ལུགས་དངོས་འབེབས་ལ་སྐུལ་འདེད་གཏོང་བ། ལས་གཞི་ལ་དཔྱད་ཞིབ་ཆོག་མཆན་གནང་བ་དང་དག་ཐེར་བཅོས་སྐྱོང་སོགས་གནད་འགག་གོ་རིམ་ལ་དམ་པོར་དམིགས་ནས་ལྟ་སྐུལ་སྒྲིག་བསྟར་ཇེ་དྲག་ཏུ་བཏང་སྟེ། ཏང་སྡོམ་ཏང་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་གཡས་སྐྱོར་གཡོན་འདེགས་བྱེད་དགོས།
ཀྲུའུ་ཀི་ཡུས་ཅེས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་གདེང་ཚོད་བརྟན་པོ་ཡོད་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ། ཆུ་དང་རླུང་ཁམས་ཆེན་མོ། ས་སྣག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཉེན་ཁའི་རྐྱེན་ངན་གནད་དོན་རིགས་སྣ་ཚོགས་ཕྱི་རྟོལ་རྣམ་པ་དང་རྒྱུན་རྣམ་ཅན་གྱིས་གྲལ་བཤེར་བཅོས་སྐྱོང་བྱེད་པ། ཁོངས་ཡོངས་ལ་ཁེབས་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོ་དོ་སྡོམ་དང་དེང་རབས་ཅན་གྱི་རྟོག་འཇལ་ལྟ་སྡོམ་མ་ལག་འཛུགས་པ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་འབྱུང་བར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།
ཚོགས་འདུ་མ་འཚོགས་སྔོན་ལ། ལུའོ་ཏུང་ཁྲོན་དང་ཀྲུའུ་ཀུ་ཡུས་ཅེ། ལིའུ་མའེ་ཕིན། ལིའུ་ཐའོ་བཅས་ཚྭ་མཚོ་རྫས་འགྱུར་བཟོ་ལས་ཁེ་ལས་སུ་རྟོག་ཞིབ་ཏུ་ཕེབས། །