ཟླ10པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཆུའི་བདེ་འཇགས་འགན་སྲུང་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་ཆུའི་བདེ་འཇགས་འགན་སྲུང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི》འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
མཚོ་སྔོན་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་པའི་ངོས་ནས། “ཀྲུང་ཧྭའི་ཆུ་མཛོད”སྲུང་བའི་འགན་འཁྲི་གལ་ཆེན་འཁུར་ཡོད། སྒྲོག་སྤེལ་ཚོགས་འདུའི་ཐོག“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས“ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་། བར་སྟོང་དོ་མཉམ་ཡོང་བ། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་ནས་སྟོབས་ཤུགས་འདོན་པ”བཅས་ཀྱི་ཆུ་བཅོས་རིག་ལམ་དོན་འཁྱོལ་གཏིང་ཟབ་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ།
མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ཏང་ཙུའུ་ཡི་ཁོངས་མི། ཐིང་ཀྲང་གཞོན་པ། ཚུའེ་ཚུན་ཡུང་གིས་བཤད་རྒྱུར། ལོ་ལྔའི་ནང་བསྡོམས་པས་ཆུ་བེད་ཐད་མ་དངུལ་སྒོར་ཐེར་ཆེན་གཉིས་ཐེར་འབུམ་བརྒྱད་དུང་ཕྱུར་གསུམ་བཏང་སྟེ། ལས་གཞི་ཉིས་སྟོང་སུམ་བརྒྱ་དྲུག་བཅུ་དོན་འཁྱོལ་བྱས། འཇུ་ཆུ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ཁྱོན་ཡོངས་ནས་ལས་མཇུག་བསྒྲིལ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད་ལ། ན་ལིན་ཀི་ལེ་གཙང་པོ་དང་ཕྱུགས་སྐྱིལ་འགག་ཆུ་བེད་ལྟེ་གནས་ཆེ་གྲས་གཉིས་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཞིང་ཆེན་ཡོངས་སུ་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་གཉིས་ཇེ་མང་དུ་སོང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཏེ། གྲོང་གསེབ་ཀྱི་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད87.5%ལ་སླེབས་ཡོད་ལ། ཞིང་ཆུ་ནུས་ལྡན་ངང་སྤྱོད་ཚད་ཀྱི་བཏགས་གྲངས0.513བར་མཐོ་རུ་ཕྱིན་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་སྡེ་ཁག་གིས་རྨ་ཙོང་གཞོང་སའི་དེང་རབས་ཅན་གྱི་ཁུལ་ཁོངས་ཆུ་དྲ་དང་། ཚྭ་འདམ་གཞོང་སའི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར། གུང་ཧོ་གཞོང་སའི་མ་ལག་བཅོས་སྐྱོང་། ཆུ་འགོའི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སླར་གསོའི་སྤྱིའི་བཀོད་པ་བཅས་ལ་དམིགས་ཏེ། ཁུལ་བགོས་ཇུས་བསྟར་དང་གནད་འཁེལ་ཤུགས་འདོན་བྱས།
《འཆར་འགོད》ལས་ཞོད་འགོག་བདེ་འཇགས་ཀྱི་ཚད་མཐའ་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ནས། ཆུ་སྐྱོན་དང་ཐན་སྐྱོན་གྱི་འགོག་སྲུང་བྱེད་སྟངས་ཇེ་ལེགས་སུ་བཏང་། མཐོ་སྒང་གི་དེང་རབས་ཅན་གྱི་ཆུ་དྲ་བསྐྲུན་ནས་ཆུ་མཁོ་འདོན་བདེ་འཇགས་ཀྱི་མཉེན་ཆ་ཇེ་དྲག་ཏུ་བཏང་། གཙང་པོ་དང་མཚེའུའི་སྐྱེ་ཁམས་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་གཅུན་སྡོམ་དོན་འཁྱོལ་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་བེད་སྤྱོད་ཆུ་ཚད་མཐོ་རུ་བཏང་སྟེ། སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་བཅའ་ཁྲིམས་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། ཆུ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ལས་འགན་ཆེན་པོ་ལྔ་ཇེ་ལེགས་སུ་བཏང་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་ཆུ་བཅོས་ཆུ་སྐྲུན་གྱི་ལེའུ་གསར་པ་བརྩམས།