མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས11ཉིན་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་ནས། རྫོང་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་གནད་འཁེལ་ཤུགས་འདོན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་བཏང་བ། ས་ཁོངས་མཉམ་འགུལ་ལ་བརྟེན་ནས་དགེ་མཚན་ཆེ་རུ་བཏང་བ། ཐབས་སྒྱུར་གོང་འཕེལ་བཏང་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་ནས། རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་ནས་ལག་ལེན་ལ་རྨང་གཞི་བརྟན་པོ་བཏིངས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།
ཝུའུ་ཞའོ་ཅུན་གྱིས་རྫོང་རིམ་པ་ནི་ཞིང་ཆེན་ཡོངས་ཀྱི་བྱ་བ་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་གི་བརྒྱུད་རིམ་དུ་གནས་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལ་རྒྱང་ལྟ་བྱེད་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་བརྗོད་བྱ་གཙོ་བོར་བྱེད་པ་དང་། ཁྱད་ཆོས་ཅན་དང་ཁྱད་པར་ཅན་གྱི་ཐབས་ལམ། བཅོས་བསྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། མཁར་གྲོང་མཉམ་འདྲེས་འདེགས་སྐྱོར་དུ་བྱེད་པ། ཐུན་མོང་ཕྱུག་པོར་འགྱུར་བ་བཅས་དམིགས་འབེན་དུ་བྱས་ཏེ། སྐྱེ་ཁམས་སྔོན་འགྲོ་དང་ལས་ཞུགས་སྔོན་འགྲོ་གཙིགས་སུ་བཟུང་སྟེ། བཟོ་ལས་སྟོབས་ལྡན་རྫོང་དང་། ཞིང་ཕྱུགས་ལས་རྫོང་ཆེ་བ། སྐྱེ་ཁམས་ཡུལ་སྐོར་རྫོང་གྲགས་ཅན་བཅས་སྐོར་ཞིག་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱས་ཏེ། སྐྱེ་ཁམས་མཐུན་འཕྲོད་དང་། ཁྱད་ཆོས་གསལ་བ། མཁར་གྲོང་མཐུན་སྦྱོར། གསོན་ཤུགས་ལྡན་པ། སྔོན་ཐོན་བརྩོན་ལེན། མཐུན་སྦྱོར་ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་སྒྲིག་འཛུགས་བྱ་དགོས་པ་བསྟན།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བཟང་ན། རྫོང་ཁོངས་ཀྱི་དཔལ་འབྱོར་ངེས་པར་དུ་བཟང་དགོས་པ་དང་། རྫོང་ཁོངས་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་གཙོ་བོར་འགྱུར་དགོས། ཁྱད་པར་ཅན་གྱི་འཕེལ་རྒྱས་ལ་དམིགས་ནས་བཟོ་ལས་ལ་འཚམ་ན་བཟོ་ལས་དང་། ཞིང་ལས་ལ་འཚམ་ན་ཞིང་ལས། ནགས་ལས་ལ་འཚམ་ན་ནགས་ལས། ཚོང་ལས་ལ་འཚམ་ན་ཚོང་ལས། ཡུལ་སྐོར་ལ་འཚམ་ན་ཡུལ་སྐོར་བཅས་རྒྱུན་བསྐྱངས་ཏེ། སོ་སོའི་ཁྱད་ཆོས་ལྡན་པའི་ཐོན་ལས་མ་ལག་འབད་པས་སྒྲིག་འཛུགས་བྱ་དགོས། ཁྱད་ལྡན་དགེ་མཚན་ཐོན་ལས་ལ་དམིགས་ཏེ། ཆུ་ཚད་མཐོ་བའི་ཐོན་ལས་འདུས་གྲུབ་བསྐྲུན་རྒྱུ་དང་། གླིང་ཁུལ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་རྒྱུ། ཚོང་འགུག་དངུལ་འདྲེན་གནད་ལ་འཁེལ་བ་སོགས་ཀྱི་ཐད་འབད་བརྩོན་བྱས་ཏེ། ཐོན་ལས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་གཏོང་དགོས། མཁར་གྲོང་མཉམ་འདྲེས་ལ་དམིགས་ཏེ། ལས་ཞུགས་བརྟན་བརླིང་རྒྱུན་མཐུད་རྒྱ་བསྐྱེད་དང་། ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ། སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཕྱུག་པོར་འགྱུར་བའི་ཐབས་ལམ་འབད་པས་རྒྱ་བསྐྱེད་དགོས། བཅོས་བསྒྱུར་གསར་གཏོད་ལ་དམིགས་ཏེ། རོགས་སྐྱོར་རོགས་ལས་ཀྱི་ལམ་སྲོལ་ལེགས་པོར་སྤྱོད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད། “ས་ཁུལ་བརྒལ་བའི”དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྫོང་ཁོངས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། སྔར་བས་དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། “ཞིང་ཆེན་གྱིས་སྤྱི་ཁྱབ་དམ་འཛིན་དང་། གྲོང་ཁྱེར་རིམ་པས་འགན་འཁུར་བ། རྫོང་རིམ་པས་དོན་འཁྱོལ”བཅས་ཀྱི་བྱ་བའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི“བསམ་བཀོད་གཅིག”རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་དང་གྲོང་ཁྱེར། མི་བཅས་ཀྱི་འབྲེལ་བ་སྔར་བས་གཅིག་འདོམས་ལེགས་པོ་བྱས་ཏེ། ཐོན་ཁུངས་ཀྱི་འདེགས་སྐྱོར་ལ་སྔར་བས་ཤུགས་བསྣན་ནས། རྫོང་ཁོངས་དང་གྲོང་ཁྱེར་ཚོམས། གྲོང་ཚོམས་ཀྱི་ལྟེ་བའི་གྲོང་ཁྱེར་བཅས་ཀྱི་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གཙོ་རྒྱུ་ཕྱོགས་གཉིས་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་དང་། ཐོན་ལས་གསབ་རེས། ཐབས་སྒྱུར་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་གྱི“བཅད་ཁ་ཆུང་ཆུང”ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“རྣམ་པ་ཆེན་པོ”གྲུབ་པར་སྐུལ་འདེད་གཏོང་དགོས་པ་བསྟན།
ཚོགས་འདུ་ལས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། རྟ་ཐང་རྫོང་དང་། གཏེར་ལེན་ཁ་གྲོང་ཁྱེར། ཡུས་ཧྲུའུ་གྲོང་ཁྱེར་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། ཀྲང་ཅིན་ཀང་གིས་དཔྱད་འཇོག་བྱས་པ་དང་། ཚེ་རིང་ཐར་དང་ལིའུ་ཁྲའོ་ཚོགས་འདུར་ཞུགས།
ཚོགས་འདུ་མ་བསྡུས་གོང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། དེ་མིན་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར)37གྱི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་རྟ་ཐང་རྫོང་དུ་ཡུལ་དངོས་ལྟ་སྦྱོང་བྱེད་སྒོར་ཞུགས།