ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་བྱ་བའི་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་བྱ་བའི་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། གཙོ་གནད་བྱ་བ་གཅིག་སྡུད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་སྣང་ཚུལ་གསར་བ་དང་སྤྱོད་ཚུལ་གསར་བ་མངོན་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་ད་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་འཐབ་ཕྱོགས་ཀྱིས་ལྟེ་བའི་ཆེ་ཕྱོགས་ལ་དམ་པོར་དམིགས་པ་དང་། བདེན་སྲུང་གསར་གཏོད་དང་ཁག་ཁུར་ལས་སྒྲུབ་བྱས་ཏེ། རྩེ་རིམ་ཇུས་འགོད་སྔར་ལས་འཐུས་ཚང་དུ་བཏང་ཞིང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱས་ལ། གཙོ་རྒྱུན་རིན་ཐང་རྒྱ་ཆེར་དར་སྤེལ་བཏང་ནས། དཔལ་ཡོན་གསར་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་བཟང་པོ་ལྡན་པས། དཔལ་ཡོན་མཚོ་སྔོན་གྱི་སྣང་བརྙན་ལེགས་པོ་གསལ་ལེར་མངོན་ཞེས་བསྟན།

ཚོགས་འདུ་ལས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དྲིལ་སྒྲོག་མུ་མཐུད་དུ་ཟབ་སྤེལ་དང་། དྲིལ་སྒྲོག་ཕན་འབྲས་ཇེ་ལེགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཆགས་པ་དང་ལག་བསྟར་བྱས་ཏེ། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དཔལ་ཡོན་དར་སྤེལ་བྱ་རྒྱུ་དེ་ཉིན་རྒྱུན་འཚོ་བའི་ཁྲོད་འདྲེས་པར་སྐུལ་འདེད་གཏོང་དགོས། སྤུས་ལེགས་ཐོན་ཁུངས་སྔར་ལས་བེད་སྤྱོད་གཏོང་བ་དང་། འཁོར་རྒྱུག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དཔལ་ཡོན་ལག་བསྟར་བྱེད་སའི་བེད་སྤྱོད་ཕན་ནུས་མཐོར་འདེགས་གཏོང་དགོས། དམངས་ཁེ་དམངས་ཕན་དགོངས་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཡིད་ཚིམ་རྒྱུ་དེ་གསར་འཛུགས་ཀྱི་རྩ་བའི་གཞི་འཛིན་སར་བརྩི་དགོས་ལ། དཔལ་ཡོན་གསར་འཛུགས་དང་བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། རིག་གནས་ལ་བརྟེན་ནས་མི་སྐྱོང་བར་དོ་སྣང་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་ཀྱི་འདོན་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། ཕྱོགས་ཡོངས་ནས་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་ལས་གཞི་ལག་བསྟར་དང་། གོམས་སྲོལ་ལེགས་སྒྱུར་བྱ་བར་སྐུལ་འདེད་གཏོང་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། འབྲེལ་འདྲིས་མཉམ་ལས་དམ་ཟབ་ཡོང་བར་ཤུགས་སྣོན་པ་དང་། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་རྣམ་པ་གསར་བ་ཧུར་ཐག་གིས་བཏོད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱིས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།