“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་པུའུ་ཀྲང་གྲོས་ཚོགས་སྐབས་གཉིས་པས“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་ཀྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་པུའུ་ཀྲང་གྲོས་ཚོགས་སྐབས་གཉིས་པའི་ཐོག《“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་ཐུན་མོང་ཚོགས་པ་ཐུན་མོང་ཐོག་འཛུགས་པའི་ཁྲེང་ཏུའུ་བསྒྲགས་གཏམ》སྒྲོག་འདོན་བྱས་པ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་ཁོང་ཡངས། འདྲ་མཉམ་དྲང་གཞག ཐུན་མོང་དར་རྒྱས། སྤྱི་ཕན་རྒྱུན་མཐུད་ཀྱི“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་ཐུན་མོང་ཚོགས་པ་འཛུགས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན། 

བསྒྲགས་གཏམ་ནང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་ཐུན་མོང་ཐོག་ལག་ལེན་བསྟར་ནས། གོ་ལ་ཧྲིལ་པོའི་ཐུན་མོང་གི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་ཀྱི་གོ་སྐབས་ཐུན་མོང་ཐོག་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གྱི་ཧེ་བག་ཐུན་མོང་ཐོག་སེལ་ནས། ཐུན་མོང་དར་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། གསར་གཏོད་རོགས་ཟླའི་འབྲེལ་བའི་དྲ་རྒྱ་ཐུན་མོང་ཐོག་དམ་ཟབ་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་གཞོན་ནུའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་མ་ལག་ཐུན་མོང་ཐོག་འཐུས་ཚང་དུ་བཏང་ནས། ཚན་རྩལ་ཡར་ཐོན་གྱིས་མིའི་རིགས་ཡོངས་ལ་ཕན་པ་ཐོབ་ཏུ་འཇུག་དགོས་པའི་གྲོས་གཞི་བཏོན་ཡོད།

ཀྲུང་གོ་ཚན་རྩལ་པུའི་པུའུ་ཀྲང་དབྱིན་ཧོ་ཅུན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་བསྟུན་མཁས་དང་། གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”ཐུན་མོང་འཛུགས་སྐྲུན་གྱི་ཚན་རྩལ་གསར་གཏོད་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་སྐྲུན་བྱེད་པའི་ནུས་པ་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།

ཚོགས་ཞུགས་མཉམ་སྐྲུན་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་པུའུ་ཀྲང་དང་པུའུ་ཀྲང་འཐུས་མི41གིས་ཚན་རྩལ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་གསར་པ་དང་དཔེ་རྣམ་གསར་པ་སྔོག་འདོན་དང་།“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་ཀྱི་ཐུན་མོང་ཚོགས་པ་འཛུགས་པ་སོགས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་མ་ཟད། མིས་བཟོས་རིག་ནུས་དང་བར་སྟོང་ཆ་འཕྲིན། ལྗང་མདོག་ཐཱན་ཉུང་། ཚེ་སྲོག་བདེ་ཐང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གྲོས་གཞི་ཐད་བསམ་འཆར་རྒྱ་ཁྱབ་ངང་བརྗེ་རེས་བྱས་པ་རེད། 

“རྒྱུད་གཅིག་ལམ་གཅིག”ཚན་རྩལ་གསར་གཏོད་པུའུ་ཀྲང་ཚོགས་འདུ་སྐབས་གཉིས་པ་ནི་ཀྲུང་གོའི་ཚན་རྩལ་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། དེ་ནི“རྒྱུད་གཅིག་ལམ་གཅིག”ཚན་རྩལ་སྤེལ་རེས་ཚོགས་ཆེན་སྐབས་གཉིས་པའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།