སྐབས26པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཐོག་དང་པོར་གཙོ་མགྲོན་རྒྱལ་ཁབ་གཉིས་གཏན་ཁེལ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ6པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྐབས26པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་འཚོང་ཚོང་གཏམ་གྲོས་ཚོགས་སྟེང་ཐོག་དང་པོར་གཙོ་མགྲོན་རྒྱལ་ཁབ་གཉིས་གཏན་ཁེལ་བྱས་པ་སྟེ། མོ་ཞི་ཁོ་གཙོ་མགྲོན་རྒྱལ་ཁབ་ཏུ་གཏན་འཁེལ་བྱས་ཡོད་པའི་སྟེང་དུ། ཡོ་རོབ་ཤར་ལྷོའི་རྒྱལ་ཁབ་པོ་སི་ཉི་ཡ་དང་ཧེ་སའེ་ཀི་ཝེ་ན་གཙོ་མགྲོན་རྒྱལ་ཁབ་ཀྱི་མིང་ཐོག་ནས་སྐབས་འདིའི་ཚོང་གཏམ་གྲོས་ཚོགས་ལ་ཞུགས་རྒྱུ་གཏན་འཁེལ་བྱས།     དེས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཐོག་དང་པོར་གཙོ་མགྲོན་རྒྱལ་ཁབ་གཉིས་གཏན་ཁེལ་བྱས་པ་མཚོན་པར་མ་ཟད། མེ་གླིང་གི་རྒྱལ་ཁབ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱིས་དུས་མཚུངས་སུ་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་འཁུར་བ་མཚོན་པས།    རྒྱལ་སྤྱིའི་ཟབ་ཞུགས་ཚད་དང་ཤུགས་རྐྱེན་སྔར་ལས་ཆེ་རུ་ཕྱིན་ཡོད།

པའོ་ཧེ་ལ་སྔ་མོ་ནས“ཡོ་རོབ་གླིང་གི་ལྟེ་བ”དང“པཱ་ཨར་ཀན་གྱི་ནོར་བུ”ཞེས་པའི་མཚན་སྙན་ཡོད་པ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་དང་མཛེས་སྡུག་གི་རང་བྱུང་མཛེས་ལྗོངས། བཟོ་ལས་ཀྱི་རྨང་གཞི་བཟང་པོ། དེ་མིན་ཡོ་རོབ་ཤར་མ་དང་ཡོ་རོབ་ནུབ་མ་འབྲེལ་མཐུད་བྱེད་པའི་དམིགས་བསལ་གྱི་ཁྱད་སྟོབས་བཅས་ཡོད། མཚོ་སྔོན་ནི“ཀྲུང་ཧྭའི་ཆུ་མཛོད”དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་མཚོ་སྔོན་པོ།    མདོ་ལ་རི་རྒྱུད་སོགས་འཛམ་གླིང་རིམ་པའི་སྐྱེ་ཁམས་ཀྱི་ཐོན་ཁུངས་ཡོད་པ་དང་། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ནུས་ཁུངས་ལ་བརྟེན་ནས།   འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས།    རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་སུ་མགྱོགས་མྱུར་སྒོས་དར་རྒྱས་བྱུང་ཡོད།     ས་གནས་གཉིས་ཀྱི་ཐོན་ཁུངས་ཕན་ཚུན་ཁ་གསབ་བྱེད་ཤུགས་སྔར་ལས་ཇེ་ལེགས་སུ་སོང་ཡོད་པ་དང་། ཐོན་ལས་མཐུན་ཚད་མཐོ་བ། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་བཅས་ལྡན།

གཙོ་མགྲོན་རྒྱལ་ཁབ་ནང་གི་གཅིག་ཡིན་པའི་ཆ་ནས། པའོ་ཧེ་ཡིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་བའི་དངུལ་གཏོང་ཉོ་འཚོང་སྟེགས་བུར་དམིགས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྣང་བརྙན་དང་། ཁྱད་ལྡན་ཐོན་ལས། དངུལ་གཏོང་གོ་སྐབས་བཅས་འགྲེམ་སྟོན་བྱས། ཕྱོགས་གཉིས་ཀྱིས་དག་གཙང་ནུས་ཁུངས་དང་ལྗང་མདོག་ལག་རྩལ་བཀོལ་སྤྱོད། སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར་ཁྱབ་གདལ་དུ་གཏོང་བ་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཁྱད་ལྡན་ཞིང་ལས་ཐོན་རྫས་ཉོ་འཚོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། གཉིས་ཕན་མཉམ་ལས་ཀྱི་བར་སྟོང་གསར་པ་མཉམ་དུ་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་གྱིས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཐད་རྒྱལ་སྤྱིའི་གཞི་རྒྱུ་གསར་པ་དང་འགུལ་ནུས་ནང་འདྲེན་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།