ལི་ཀན་ཅེ་ཡིས་པེ་ཅིན་དུ་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པར་འཚམས་འདྲི་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས17དང་ཚེས19ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ། ཀྲུང་གོ་གནམ་བདག་ཆོས་ལུགས་ཆོས་དཔོན་ཚོགས་པ་སོགས་པེ་ཅིན་དུ་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པར་འཚམས་འདྲི་བྱས་ནས། བྱ་བའི་གནས་ཚུལ་ལ་ཤེས་རྟོགས་དང་། བསམ་འཆར་དང་གྲོས་གཞིར་ཉན། 

ལི་ཀན་ཅེ་ཡིས་བསྟན་དོན། ཆོས་ལུགས་ཚོགས་པ་སོ་སོ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་ལུགས་དད་མོས་བྱེད་མཁན་མང་ཚོགས་ལ་འབྲེལ་བ་བྱེད་པའི་ཟམ་པ་ཡིན་པའི་ཆ་ནས། ཏང་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ནས། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་མཇུག་སྒྲིལ་བའི་ལོ་ཡིན་ལ།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་བྱེད་པའི་ལོ་ཡང་ཡིན། ཆོས་ལུགས་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། རྒྱ་ཆེའི་ཆོས་ལུགས་དད་མོས་མང་ཚོགས་ལ་མཐུན་སྒྲིལ་ཁྲིད་སྟོན་བྱེད་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་བརྟེན་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ལེགས་སྐྱེས་གསར་པ་འབུལ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དང་ཀྲུང་ཧྭའི་རིག་གནས་སིམ་འཛུལ་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ཆོས་སྲོལ་དང་། དོ་དམ་ལམ་ལུགས། གུས་ལུགས་གོམས་སྲོལ། བྱ་སྤྱོད་ཚད་ལྡན་སོགས་ཀྱི་ཐད་ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར་རིམ་བཞིན་ཆགས་པར་བྱེད་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་སྔོན་འགོག་དང་སེལ་བ་དང་། རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་བྱེད་པ་དང་། ཕྱི་རྒྱལ་གྱིས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པར་འགོག་རྒོལ་མཐའ་གཅིག་ཏུ་བྱས་ཏེ། རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆོག་འཐུས་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་དགོས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཏན་ལྡན་པ། ཀུན་སྤྱོད་ཐད་མང་ཚོགས་ཀྱིས་མོས་པ་བྱེད་པ། འགག་རྩའི་སྐབས་སུ་ནུས་པ་ཐོན་པའི་ཆོས་ལུགས་ཀྱི་དགེ་རྒན་མི་སྣའི་དཔུང་ཁག་ཅིག་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་ཆོས་ལུགས་གཟན་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་དང་། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཆོས་ལུགས་ཚོགས་པའི་སྒྲིག་སྲོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས། རང་རྒྱལ་གྱི་ཆོས་ལུགས་ཀྱི་སྣང་བརྙན་བཟང་པོར་སྲུང་སྐྱོང་བྱེད་དགོས། 

ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡན་ཅུའེ་དང་། ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཀོང་ཧྥུའུ། ཀྲུང་གོ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཧྥ་མིན། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པའི་ཀྲུའུ་ཞི་ལི་ཧྲན། ཀྲུང་གོའི་གནམ་བདག་ཆོས་ལུགས་ཆོས་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་པིན་སོགས་ཀྱིས་སོ་སོར་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཁོང་ཚོས་མགྲིན་གཅིག་ཏུ་ཆོས་ལུགས་ཁག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་དགོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཆོས་ལུགས་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པའི་ལམ་བུའི་ཐོག་བསྐྱོད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།