ཟླ6པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚེས20ཉིན་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཏིང་ཞུའེ་ཞང་གིས་བསྟན་དོན། ལོ10ཡི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བདུན་ཅུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་། ཞི་བདེ་དང་འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ནི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བླ་ན་མེད་པའི་དམིགས་འབེན་ཡང་ཡིན། ཆོད་གཏམ་གལ་ཆེན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་དང་ལེན་གང་ལེགས་ཐོབ། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། འགྲོ་བ་མིའི་རིགས་ཐུན་མོང་གི་འགྲན་སློང་མང་པོར་འཕྲད་ཡོད། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བསྐྱར་དྲན་བྱེད་པ་དང་། འགྲོ་བ་མི་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྟན་སྲུང་དང་དར་སྤེལ་གཏོང་བ། མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྒོ་འབྱེད་སྣ་མང་གི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དུ་བསྒྱུར་བའི"ཁེ་ཕན"བགོ་བཤའ་ལེགས་པོ་རྒྱག་དགོས། དཔལ་ཡོན་མི་འདྲ་བའི་བར་ཕན་ཚུན་བརྗེ་རེས་དང་དཔེ་ལྟ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གང་རུང་གི་འཇམ་འཐབ་གསར་བ་དང་འདུ་ཤེས་འཛིན་སྟངས་ཀྱི་འགྲན་རྒོལ་ལ་ངོ་རྒོལ་བྱེད་དགོས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གླེང་མོལ་ལ་བརྟེན་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གླེང་མོལ་ལ་བརྟེན་ནས་རྩོད་གཞི་སེལ་བ། གླེང་མོལ་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་དུ་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་དགོས།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་རྣམ་གཉིས་ཀྱི་ཐུན་མོང་ལྟ་བ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་མཐོ་ཚད་དང་རྩ་ཚད། མཉེན་ཚད་བཅས་ཕྱོགས་ཡོངས་ནས་མཐོ་འདེགས་གཏོང་བ། སྤུས་ཚད་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། སྔར་ལས་དྲང་གཞག་དང་ལགས་མཐུན། དར་རྒྱས་བཅས་ཀྱི་སྣེ་མང་འཛམ་གླིང་འཛུགས་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཤིས་ཚིག་ཕུལ་རྗེས་ཀྱི་བསམ་ཚུལ་བརྗེ་རེས་སྐབས་སུ། ཏིང་ཞུའེ་ཞང་གིས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དང་ཀྲུང་གོ་དང་ཨུ་རུ་སུའི་སློབ་གསོ་ཚན་རྩལ་མཉམ་ལས་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་མགོ་འཛིན་པའི་དྲི་བར་ལན་བཏབ།
ཚོགས་འདུའི་སྐབས་སུ། ཏིང་ཞུའེ་ཞང་གིས་ད་དུང་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལུའོ་ཧྥུ་དང་། ཙུང་ལི་གཞོན་པ་ནུའོ་ཝ་ཁི། རྡོ་སྣུམ་ཀུང་སིའི་སྤྱི་འདོམས་པ་ཞེ་ཆིན། རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ་སྨི་ལེ་སོགས་དང་སོ་སོར་ཐུག་འཕྲད་གནང་། །