ཀྲུང་གོ•མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས25ཉིན། “སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”བརྗོད་དོན་ཡིན་པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས26པ་ཟི་ལིང་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས།

ཟླ6པའི་ཚེས25ཉིན། “སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”བརྗོད་དོན་ཡིན་པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས26པ་ཟི་ལིང་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་གྱིས་ཤིས་ཚིག་ཕུལ་ཏེ་ཚོང་གཏམ་གྲོས་ཚོགས་དངོས་སུ་སྤེལ་འགོ་བརྩམས་པ་ཁྱབ་སྒྲོག་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཚོགས་འདུར་འགོ་འཛིན་བྱས་ལ། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀུང་ཀྲིན་ཚོགས་འདུར་ཞུགས། ཀྲུང་གོར་སྡོད་པའི་པོ་ཧའེ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཞི་ཉི་ཧྲ·པེ་ཨར་དབྱང་དང་། ཀྲུང་གོར་སྡོད་པའི་མོ་ཞི་ཁོ་རྒྱལ་ཁབ་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཨིན་རོས་ཁུན·ཨའེ་སི་ཁཱ་མིས་ཡ། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སུན་ཧྲའོ། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ཞུས་ཕིན་བཅས་ཀྱིས་ཤིས་ཚིག་ཕུལ།  ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི་ཀྲིན་ཝའེ་མེན་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལིའུ་མེན་ཧྲིན། མེན་དབྱང་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཀྲང་ཁྲོན་ཝེ་ཡིས་གཏམ་བཤད།

ཝང་ཀོང་ཆན་གྱིས་ཚོང་གཏམ་གྲོས་ཚོགས་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོས་ལྗང་མདོག་ཚུལ་སྒྱུར་ནི་གདམ་གའི་གནད་དོན་ཞིག་མིན་པར་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ་ངེས་པར་དུ་ལན་འདེབས་དགོས་པའི་གནད་དོན་ཞིག་ཡིན་པ་དང་། སྒོ་འབྱེད་མཉམ་ལས་ནི་གནས་སྐབས་ཀྱི་ཐབས་ཇུས་ཤིག་མ་ཡིན་པར། ཤེས་རིག་ཡར་ཐོན་གྱི་བརྗོད་གཞི་རྟག་བརྟན་ཅན་ཞིག་ཡིན། ད་ལྟའི་མཚོ་སྔོན་ནི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་མཚོན་གསར་པ་ཞིག་ཡིན་པར་མ་ཟད། འཛམ་གླིང་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ཁྲོད་ཞུགས་མཁན་གལ་ཆེན་ཞིག་ཀྱང་ཡིན། མདོ་དབུས་མཐོ་སྒང་གི“ཀྲུང་ཧྭའི་ཆུ་མཛོད”ཅེས་འབོད་པའི་སྐྱེ་ཁམས་ཀྱི་མཐོ་སའི་སྟེང་བརྟན་པོར་ལངས་ནས། ཚོགས་ཞུགས་ཕྱོགས་ཁག་སོ་སོས་ད་ཐེངས་ཀྱི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འགོ་རྩོམ་ས་གསར་པར་བརྩིས་ཏེ། དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྐྱེད་རྒྱུ་དང་། སྒོ་འབྱེད་མཐུན་སྦྱོར་གྱི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། དམངས་འཚོ་ལེགས་བཅོས་རྩ་བར་བཟུང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མཉམ་སྤྱོད་བྱེད་པ། ལྗང་མདོག་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ། སྒོ་འབྱེད་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་སྐྱོད་ལམ་སྟེང་དུ། ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚང་མ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རྣམ་ཀུན་ཏུ་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་། ན་ནིང་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་པ་གནང་སྟེ། མཚོ་སྔོན་ལ་ཁ་ཕྱོགས་གསར་པ་བསྟན་པ་དང་ལས་འགན་གསར་པ་བཅོལ་ཡོད། ད་ལྟའི་མཚོ་སྔོན་འདི་ཉིད་སྔོན་གྱི“ཅུང་རྗེས་ལུས་ཐེབས་པའི་གནས་སྐབས”ནས“འཕེལ་རྒྱས་ཀྱི་མཐོ་རླབས”སུ་སླེབས་ཡོད་ཅིང་།“བར་སྣང་མཐོ་ལ་ས་རྒྱ་ཡངས་པའི”མདོ་དབུས་མཐོ་སྒང་འདི་ཉིད“ནུས་ཁུངས་ཀྱི་འབྱུང་གནས”གལ་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོས་བློ་སེམས་གཅིག་སྒྲིལ་སྒོས་མཉམ་དུ་འཆར་འགོད་འཐེན་རྒྱུ་དང་མཉམ་འགུལ་མཉམ་སྒྲིམ་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་དཔལ་འབྱོར་རིན་ཐང་མགྱོགས་མྱུར་ངང་ཇེ་ལྷོད་དུ་གཏོང་རྒྱུ་དང་། ཚན་རྩལ་གསར་གཏོད་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་ལས་སྐྱེ་ཁམས་མགྱོགས་མྱུར་ངང་གསོ་སྐྱོང་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་པའི་བརྗིད་ཉམས་ལྡན་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་ནས། སྔར་ལས་དར་རྒྱས་ཆེ་བ་དང་སྔར་ལས་ལྗང་མདོག་ལྡན་པ། སྔར་ལས་མཉམ་སྤྱོད་ཡིན་པ་བཅས་ཀྱི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཞེས་བསྟན།

ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་མཚོ་སྔོན་གྱི་སྒོ་འབྱེད་མཉམ་ལས་ཀྱི་བློ་རྩ་བརྟན་པོ་མངོན་པར་བསྟན་པ་དང་། ལྗང་མདོག་འཕེལ་རྒྱས་དབྱར་མཚོ་རྒྱས་པ་བཞིན་འཕེལ་བར་སྐུལ་འདེད་བཏང་བར་མ་ཟད། ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་མཛེས་སྡུག་ལྡན་པའི་རེ་འདོད་མངོན་པར་མཚོན་ཡོད། ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་ལ་སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་གྲོགས་པོ་ཚོས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པར་བརྟེན་དེའི་ཐད་ཐུགས་རྗེ་ཆེ་ཞུས་པ་ཡིན། མིག་སྔར། མཚོ་སྔོན་གྱི་འཕེལ་རྒྱས་ལ་དུས་ཡུན་རིང་བོར་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོ་ལྡན་པའི་དབང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། སྒོ་འབྱེད་མཉམ་ལས་ཟབ་སྤེལ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཞང་ཀང་དང་ཨའོ་མིན། ཐའེ་ཝན་བཅས་ས་ཁུལ་གྱི་འཐུས་མི། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ཁུལ། གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད་མི་སྣ།  ཡོན་ཧྲི་དང་ཆེད་མཁས་པ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི། འབྲེལ་ཡོད་ཞིང་ཆེན་གྱི་འགོ་ཁྲིད་མི་སྣ་སོགས་ཚོགས་འདུར་ཞུགས།

འབྲེལ་ཡོད་འགོ་ཁྲིད་སྐུ་མགྲོན་ཚོས་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་གསར་པར་ལྟ་སྐོར་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།