མཚོ་སྔོན་གྱིས“རོགས་གསུམ་སྐྱོར་གཅིག”གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ1950བསྡུ་རྩིས་ཡོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་་བྱུང་བ་ལྟར་ན། མཚོ་སྔོན་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མུ་མཐུད་དུ་བསྡུ་ལེན་འདེམས་སྒྲུག་བྱས་ནས་གཞི་རིམ་དུ་སློབ་གསོར་རྒྱབ་སྐྱོར་དང་། ཞིང་ལས་ལ་རྒྱབ་སྐྱོར། སྨན་བཅོས་ལ་རྒྱབ་སྐྱོར། གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བཅས་བྱ་བའི་ལས་དོན་སྤེལ་དུ་འཇུག་རྒྱུ་རེད། མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ6ཚེས23ཉིན་གྱི་ཆུ་ཚོད་9པ་ནས་ཚེས27ཉིན་གྱི་ཆུ་ཚོད་18བར་རེད།

2025ལོར་ཞིང་ཆེན་ཡོངས་གྱིས“རོགས་གསུམ་སྐྱོར་གཅིག”གི་མཐོ་རིམས་སློབ་གྲྭའི་མཐར་ཕྱིན་སློབ་མ1950བསྡུ་རྩིས་ཡོད། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་མི200དང་། མཚོ་ཤར་གྲོང་ཁྱེར་དུ་མི210། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ195། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ245། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ205། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ345། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ310། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ240བཅས་བསྡུ་རྒྱུ་རེད།  

ཐེངས་འདིའི་ལས་བསྡུ་བྱ་བ་དེ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་དང་པར་འདེབས་བཅས་ཀྱི་བྱེད་ཐབས་སྤྱད་ཡོད། རྒྱུགས་སྤྲོད་མཁན་ཚོས་མཚོ་སྔོན་ཞིང་ཆེན་གྱི་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བར(www.qhpta.com)ཐོག་ཐོ་འགོད་བྱས་ཏེ་དྲ་ཐོག་ནས་མིང་ཐོ་འགོད་པའི་གོ་རིམ་ཞིབ་ཕྲ་ཀློག་ནས་སྣེ་སྟོན་གྱི་བླང་བྱ་ལྟར་མིང་ཐོ་ལེགས་པར་འགོད་དགོས། གྲོང་ཁྱེར(ཁུལ)ཁག་གིས་ཐག་ཉེ་དང་ས་གནས་དེ་གར་བསྡུ་ལེན་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་རྒྱུགས་སྤྲོད་མི་སྣའི་ཐོ་འགོད་ས་གནས་དང་སློབ་སྦྱོང་གི་ཆེད་ལས་སོགས་ལ་དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱ་རྒྱུ་དང་། ཐོབ་ཐང་ཞིབ་བཤེར་བྱས་འབྲས་ལ་རྒྱུགས་སྤྲོད་མཁན་ཚོས་མིང་ཐོ་བཀོད་རྗེས་ཀྱི་ཆུ་ཚོད24ནང་ལན་སློག་དགོས། རྒྱུགས་སྤྲོད་པའི་ཐོབ་ཐང་ལ་ཞིབ་བཤེར་གྲོས་འཆམ་བྱུང་རྗེས། གཏན་འབེབས་གྱི་དུས་ཚོད་ནང་ལྟར་རང་འགུལ་གྱིས་རྒྱུགས་སྤྲོད་འཛིན་ཡིག་དཔར་དགོས།

ཡིག་རྒྱུགས་ལས་དོན་དེ་ཞིང་ཆེན་གྱི“རོགས་གསུམ་སྐྱོར་གཅིག”ལས་དོན་མཐུན་སྦྱོར་དོ་དམ་གཞུང་ལས་ཁང་གིས་གཅིག་གྱུར་གྱིས་སྒྲིག་འཛུགས་ཐོག་ལག་བསྟར་བྱ་དགོས། ཡིག་རྒྱུགས་ཀྱི་བརྗོད་གཞི་དང་། རྒྱུགས་ཤོག་ཉར་འཛུགས། རྒྱུགས་ཤོག་ལྟ་ཀློག་སོགས་ཞིང་ཆེན་གྱི་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས་ཞིང་ཆེན་གྱི“རོགས་གསུམ་སྐྱོར་གཅིག”གི་ལས་དོན་མཐུན་སྦྱོར་དོ་དམ་གཞུང་ལས་ཁང་གི་མཛུབ་ཁྲིད་འོག་ལག་བསྟར་བྱེད་དགོས། ཡིག་རྒྱུགས་ཀྱི་རྒྱུགས་ར་ས་ཁོངས་གང་དེའི་ཁོངས་གཏོགས་སུ་བཀོད་སྒྲིག་བྱེད་པའི་རྩ་དོན་ལྟར་གཅིག་གྱུར་གྱི་དུས་ཚོད་ནང་ལྟར་རྒྱུགས་ལེན་རྒྱུ་དང་། ཡིག་རྒྱུགས་ལས་དོན་དང་ཡིག་རྒྱུགས་གྲུབ་འབྲས་ཡོངས་བསྒྲགས་བྱ་བ་དེ་གྲོང་ཁྱེར་ཁག(ཁུལ)གྱི་མི་དོན་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་འགན་འཁུར་དགོས། ཡིག་རྒྱུགས་ཀྱི་དུས་ཚོད་ནི་ཟླ7པའི་ཚེས12ཉིན་གྱི་ཆུ་ཚོད9ནས11བར་ཡིན་པ་དང་། ཡིག་རྒྱུགས་ཀྱི་ནང་དོན་ནི《ཕྱོགས་བསྡུས་ཤེས་བྱ་དང་ནུས་པའི་བྱང་ཚད་ཕྱོགས་ཀྱི་ཚོད་ལྟ》ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།