རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་བཏང་བའི་སྲོག་ཆགས་ཚེ་ཐར་གཏོང་བའི་བྱེད་སྒོ་སྔར་ལས་ཚད་ལྡན་དང་ཁྲིད་སྟོན་བྱེད་པའི་སྐོར་གྱི་བརྡ་ཐོ།
ནགས་ཚལ་སྲུང་སྐྱོང་འགྲེམས་སྤེལ་ཨང〔2025〕30པ།
ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་སོ་སོའི་ནགས་ལས་དང་རྩྭ་ཐང་གཙོ་གཉེར་དོ་དམ་སྡེ་ཁག་དང་།ཞིང་ལས་གྲོང་གསེབ(རོང་འབྲོག)། འབྲོག་ལས་ཕྱུགས་སྨན། ཉ་ལས་ཐིང་(ཅུས་དང་ཨུ་ལྷན)། ཆོས་ལུགས(མི་རིགས་ཆོས་ལུགས)ཅུས(ཨུ་ལྷན་དང་ཐིང)། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ལས་གྲོང་གསེབ་ཅུས།མི་རིགས་ཆོས་ལུགས་ཅུས་བཅས་ལ།
སྲོག་ཆགས་ཚེ་ཐར་གཏོང་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དང་ཁྲིད་སྟོན་བྱེད་པ།ཁྲིམས་འགལ་གྱིས་ཚེ་ཐར་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ།སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》《ཕྱི་ནས་ཡོང་བའི་སྲོག་ཆགས་རིགས་ཀྱི་དོ་དམ་བྱེད་ཐབས》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་སྤེལ་པའི་འབྲེལ་ཡོད་བླང་བྱའི་བརྡ་ཐོ་གཤམ་གསལ།
གཅིག །བསམ་བློ་ཤེས་རྟོགས་མཐོ་རུ་བཏང་སྟེ། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས།
ཚན་རིག་དང་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་རང་བྱུང་ཁམས་སུ་གློད་བཀྲོལ་གཏང་བ་ནི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་རང་འགུལ་ངང་རྨོངས་ཚོད་ཀྱིས་ཚེ་ཐར་གཏོང་བའི་བྱ་སྤྱོད་ཀྱིས་སྲོག་ཆགས་རྒྱུན་གཏན་མིན་པར་ཤི་བ་དང་དེ་བཞིན་རིམས་ནད་འབྱུང་ཁུངས་ཀྱི་ནད་ཡམས་མཆེད་པའི་ཉེན་ཁ་ཐོན་ནས་ས་གནས་དེ་གའི་གྲོང་མིའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་འགོག་རྐྱེན་བཟོ་བ་མ་ཟད།ད་དུང་ཕྱི་ཕྱོགས་ཀྱི་དངོས་རིགས་བཙན་འཛུལ་དང་སྣོད་བཅུད་དོ་སྙོམས་ལ་གཏོར་བཤིག་གཏོང་སྲིད།རིམ་ཁག་ནགས་ལས་རྩྭ་ཐང་དང་།ཞིང་ལས་གྲོང་གསེབ།ཆོས་ལུགས་ལས་དོན་སྡེ་ཚན་བཅས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ནན་ཏན་གྱིས་ལག་ལེན་ཏུ་བསྟར་ནས། སྐྱེ་དངོས་བདེ་འཇགས་དང་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཚེ་ཐར་གཏོང་བའི་བྱེད་སྒོའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྲོག་ཆགས་ཚེ་ཐར་གཏོང་བའི་དོ་དམ་ཚད་ལྡན་དུ་གཏོང་རྒྱུ་དེ་ལས་ཀའི་ནང་དོན་གལ་ཆེན་ནང་བཅུག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་།ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ།སྡེ་ཚན་གྱི་མཉམ་ལས་ལམ་སྲོལ་དང་ཚན་རིག་དང་མཐུན་པའི་དཔྱད་དཔོག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྲུང་སྐྱོབ་དོ་དམ་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས།
གཉིས། མཐིལ་རྟོགས་བརྟག་དཔྱད་བྱས་ཏེ་གཙང་བཤེར་བྱ་སྤྱོད་རྩ་འཛུགས་བྱེད་དགོས།
བརྡ་ཐོ་འདི་སྤེལ་རྗེས་རིམ་པ་སོ་སོའི་ནགས་ལས་རྩྭ་ཐང་དང་།ཞིང་ལས་དང་གྲོང་གསེབ།ཆོས་ལུགས་ལས་དོན་སྡེ་ཚན་བཅས་ཀྱིས་ས་ཁོངས་དེ་གའི་སྲོག་ཆགས་འཚོ་སྡོད་བྱས་ཚུལ་ལ་ཐུན་མོང་ཐོག་མཐིལ་རྟོགས་བརྟག་དཔྱད་ཐེངས་གཅིག་བྱེད་དགོས།ས་ཁོངས་དེ་གའི་ཚེ་ཐར་གཏོང་བའི་སྲོག་ཆགས་ཀྱི་རིགས་དང་།ཚེ་ཐར་གཏོང་བའི་ས་ཁོངས་སམ་ས་གནས།ཚེ་ཐར་གཏོང་བའི་གོམས་སྲོལ་དང་གཙོ་བོ་ཚེ་ཐར་གཏོང་བའི་དུས་ཚོད་ཀྱི་མཚམས་ཚིགས་དང་།ཐེངས་གྲངས།ཆོས་ཉིད་དང་ཁྱད་ཆོས་བཅས་གསལ་རྟོགས་བྱེད་དགོས།འཚོ་སྡོད་བྱ་ཡུལ་མཐའ་འཁོར་ས་ཁོངས་ཀྱི་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ཀྱི་འཚོ་གནས་གནས་ཚུལ་དང་།སྐྱེ་ཁམས་ཀྱི་ཤུགས་རྐྱེན།རིམས་ནད་ཀྱི་ཉེན་ཁ་བཅས་ལ་བརྟག་དཔྱད་དང་དཔྱད་དཔོག་བྱ་དགོས།སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་སྲོག་ཆགས་ཤི་བའི་དངོས་པོའི་བྱེ་བྲག་དང་ཕྱི་ནས་ཡོང་བའི་དངོས་རིགས་གཙང་སེལ་བྱས་ཏེ་ཕྱི་ནས་ཡོང་བའི་སྲོག་ཆགས་རིགས་དང་ནད་གཞིའི་རྐྱེན་ངན་ཆུང་དུ་གཏོང་དགོས།
གསུམ། དོ་དམ་གཏན་འབེབས་འཐུས་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ཚེ་ཐར་གཏོང་རྒྱུར་ཁྲིད་སྟོན་ཚད་ལྡན་བྱེད་དགོས།
ས་གནས་སོ་སོས་མཐིལ་རྟོགས་བརྟག་དཔྱད་གནས་ཚུལ་གཞིར་བཟུང་སྟེ། ནན་ཏན་གྱིས་དབྱེ་ཞིབ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་གནས་ཚུལ་དངོས་དང་མཐུན་པའི་ཚེ་ཐར་གཏོང་བའི་དོ་དམ་ལམ་ལུགས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས།
(གཅིག)སྐྱེ་ཁམས་མ་ལག་ལ་གནོད་འཚེ་གཏོང་བ་དང་རིམས་ནད་མཆེད་པའི་ཉེན་ཁ་ཡོད་པ་སོགས་ཀྱི་ཚེ་ཐར་གཏོང་རིགས་གཏན་འགོག་བྱ་དགོས།ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་དང་།རྒྱུད་འདྲེས་པ་དང་ནད་དང་དབང་སྐྱོན་ཅན། དེ་བཞིན་གྲོང་མིའི་འཚོ་བའི་ཁུལ་དང་།རང་བྱུང་སྲུང་སྐྱོང་ཁུལ།ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་སོགས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ས་ཁོངས་དང་།སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་རང་བྱུང་གཅིག་སྡུད་ཁྱབ་ཁུལ་དང་།འཚོ་གནས་བྱ་ཡུལ་གལ་ཆེན།གནས་སྤོ་ཕྱིར་ལོག་བགྲོད་ལམ་བཅས་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་འགོག་བྱས་པའི་ས་ཁོངས་གཞན་དག་གི་ཚེ་ཐར་གཏོང་བའི་བྱེད་སྒོ་ཚང་མ་གཏན་འགོག་བྱེད་དགོས།
(གཉིས)ཚེ་ཐར་བཏང་ཆོག་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གནས་ཡུལ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་དགོས།དམངས་ཁྲོད་ཀྱི་ཚེ་ཐར་རེ་འདོད་ཆེ་བའི་ས་གནས་སུ་ས་གནས་དེ་གའི་རང་བྱུང་དུ་ཁྱབ་པའི་སྲོག་ཆགས་ཀྱི་རིགས་དང་། སྐྱེ་གནས་ཀྱི་གནས་ཚུལ།ཚེ་ཐར་གཏོང་བའི་གོམས་སྲོལ།སྲུང་སྐྱོང་དོ་དམ་གྱི་བླང་བྱ་བཅས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་པ་བརྒྱུད་ཚེ་ཐར་གཏོང་ཆོག་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་ཚེ་ཐར་གཏོང་ཡུལ་གཏན་འཁེལ་བྱེད་དགོས། སྐམ་སའི་རི་སྐྱེས་སྲོག་ཆགས་ཚེ་ཐར་གཏོང་བའི་བདེ་ཐང་བླང་བྱ་ཁ་གསལ་བཟོས་ཏེ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་སོགས་ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག །སྐམ་སའི་བདེ་ཐང་གི་རི་སྐྱེས་སྲོག་ཆགས་ཚེ་ཐར་གཏོང་དགོས།དམིགས་བསལ་གནས་ཚུལ་རྐྱེན་གྱིས་གཏན་འཁེལ་བྱས་པའི་ས་ཁོངས་ཕྱིར་ཚེ་ཐར་གཏོང་བའམ་གཏན་འཁེལ་བྱས་པའི་སྲོག་ཆགས་རིགས་མིན་པ་ཚེ་ཐར་གཏོང་དགོས་ཚེ། ངེས་པར་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་གཉེར་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་རྗེས་ལག་བསྟར་བྱ་ཆོག
(གསུམ)ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་སྐྱེས་སྐྱེ་དངོས་ཚད་ལྡན་དུ་གཏོང་དགོས།སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་རང་འགུལ་ངང་གཞི་ཁྱོན་རང་བཞིན་གྱི་ཆུ་སྐྱེས་སྐྱེ་དངོས་ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་བར《ཆུ་སྐྱེས་སྐྱེ་དངོས་སྐྱེ་འཕེལ་དང་གློད་གཏོང་དོ་དམ་གཏན་འབེབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉ་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཚེ་ཐར་གཏོང་བའི་རིགས་དང་།གྲངས་འབོར།ཚད་གཞི།དུས་ཚོད།ས་ཆ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས་པ་དང་།ཆུ་སྐྱེས་སྐྱེ་དངོས་རྩ་དོན་ཐོག་སྐྱེ་འཕེལ་དང་ཉ་ཕྲུག་མཁོ་འདོན་བྱེད་མཁན་ཚན་པ་ནས་ཐོན་དགོས།དྲ་རྒྱའི་ལས་སྟེགས་དང་ཞིང་ལས་ཉོ་ཚོང་ཁྲོམ་རའམ་ཡང་ན་ཉ་ཁྲོམ་རར་ལྟ་སྐོར་བྱེད་པ་སོགས་ཀྱི་ཐབས་ལམ་ནས་ཆུ་སྐྱེས་སྐྱེ་དངོས་ཉོ་རྒྱུ་གཏན་འགོག་བྱེད་དགོས་པ།ས་གནས་ཁག་གིས་ས་གནས་དེ་གའི་གནས་ཚུལ་དང་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཆུ་སྐྱེས་སྐྱེ་དངོས་ཚེ་ཐར་གཏོང་བར་འཚམ་པའི་ལས་སྟེགས་ཁག་གཅིག་བརྟན་པོའི་ངང་འཛུགས་སྐྲུན་བྱེད་པའམ་ཡང་ན་གཏན་འཁེལ་བྱས་ཏེ་ཚེ་ཐར་གཏོང་རྒྱུར་འཚམ་པའི་ཆུ་སྐྱེས་སྐྱེ་དངོས་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་གནས་གཏན་འཁེལ་གྱིས་ཆུ་སྐྱེས་སྐྱེ་དངོས་ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་དགོས།
(བཞི།)ཚེ་ཐར་གཏོང་རྒྱུར་མི་འཚམ་པའི་སྲོག་ཆགས་བསྡུ་ཉར་དང་སྐྱོབ་སྲུང་ཡག་པོ་བྱ་རྒྱུ་དགོས། སྲོག་ཆགས་བསྡུ་ཉར་སྲུང་སྐྱོབ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་རྩད་གཅོད་མ་བྱས་པའམ་ཡང་ན་སྤྱི་དམངས་རང་ཉིད་ཀྱིས་བཀོད་སྒྲིག་དང་ཐག་གཅོད་བྱེད་དཀའ་བའི་ཁར་འཚོ་སྡོད་བྱེད་མི་འོས་པའི་སྲོག་ཆགས་དུས་ཐོག་ཏུ་བསྡུ་ཉར་སྐྱོབ་དང་གནོད་མེད་ཐག་གཅོད་བྱས་ཏེ་རང་དགར་ཐག་གཅོད་དང་ཕྱིར་འབུད་སོགས་རྗེས་མཐུད་གནད་དོན་མི་ཐོན་པ་བྱེད་དགོས།
བཞི། སྡེ་ཁག་་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འགལ་ངང་ཚེ་ཐར་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས།
རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སྡེ་ཚན་ལས་བརྒལ་བའི་མཐུན་སྦྱོར་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་སྲོག་ཆགས་ཀྱི་ཚེ་ཐར་གཏོང་རྒྱུ་དེ་སྡེ་ཚན་མང་པོས་མཉམ་འབྲེལ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་ནང་དོན་གལ་ཆེན་ནང་བཅུག་ནས་འགན་འཁྲི་ཁག་བགོས་ཁ་གསལ་དང་ལག་རྩལ་གྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་རོལ་དུ་སྐོར་སྲུང་དང་།མིས་བཟོས་རྒྱུད་སྤེལ་གསོ་སྤེལ་དོ་དམ།སྐྱེལ་འདྲེན་ཞིབ་བཤེར།ཕྱིར་གཏོང་ནང་འདྲེན་དོ་དམ་བཅས་ནས་ཁྲོམ་རར་སྐོར་ཞིབ།དྲ་རྒྱའི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་སོགས་ལྷུ་ཚིགས་མང་པོ་དང་སྦྲེལ་ཐག་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱས་ཏེ་ལྟ་སྐུལ་དོ་དམ་གྱི་ཞན་ཆ་ཏན་ཏིག་ཐུབ་པ་བྱེད་དགོས། ལྷག་པར་ཁྲིམས་འགལ་རྩ་འཛུགས་ཀྱི་ཚེ་ཐར་གཏོང་བའི་བྱ་སྤྱོད་ལ་བརྟེན་ནས་ཁེ་བཟང་རག་ཐབས་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁུངས་སྣེ་སྔོག་འདོན་གཏིང་ཟབ་བྱེད་པ་དང་།ཁྲིམས་འགལ་ཉེས་གསོག་ཚོགས་པ་རྩ་གཏོར་གཏོང་བ།སྣོད་བཅུད་གནོད་འཚེའི་གུན་གསབ་བདའ་འདེད་བྱེད་པ།གྱོད་གཞི་ལ་བརྟེན་ནས་ཁྲིམས་འགྲེལ་བཅས་བྱས་ཏེ་ཁྲིམས་འཛིན་གྱི་ཟིལ་ཤུགས་ཆེ་རུ་གཏོང་དགོས།
ལྔ། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ་སྣོད་བཅུད་ཤེས་དཔལ་གྱི་དར་སྲོལ་གསར་པ་གཏོད་དགོས།
ཚན་རིག་དང་མཐུན་པའི་སྒོ་ནས་གློད་འགྲོལ་གཏོང་བའི་དྲིལ་སྒྲོག་སློབ་གསོ་དང་རྒྱུན་ལྡན་གྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་ངང་གློད་འགྲོལ་བཏང་བའི་དཔེ་མཚོན་གྱོད་གཞི་དམར་འདོན་བྱས་ནས་སྤྱི་དམངས་ཀྱི་ཚན་རིག་དང་མཐུན་པའི་སྒོ་ནས་ཚེ་ཐར་གཏོང་བའི་འདུ་ཤེས་ཆེ་རུ་ཤུགས་ཆེན་གཏོང་དགོས། འབྲེལ་ཡོད་སྲོག་ཆགས་གསོ་སྤེལ་རྒྱུད་སྤེལ་སོགས་གཙོ་གནད་ལས་རིགས་དང་དད་ལྡན་མང་ཚོགས་སོགས་གཙོ་གནད་ཚོགས་སྤྱི་དང་དགོན་སྡེའི་མཐའ་འཁོར་དང་མཛེས་ལྗོངས་གྲགས་ཅན་ཁུལ་སོགས་གཙོ་གནད་ས་ཁོངས་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་རྒྱག་པ།ཁྲིམས་འགལ་ཐེར་འདོན་ལམ་ལུགས་དང་བྱ་དགའ་སྤྲོད་པའི་ཐེར་འདོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་དམངས་ལ་རྨོངས་ཚོད་ཀྱིས་ཚེ་ཐར་གཏོང་བའི་བྱ་སྤྱོད་རང་རྟོགས་ངང་བཀག་འགོག་བྱེད་དགོས་པ་ཁྲིད་སྟོན་བྱེད་དགོས།སྤྱི་དམངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཆེད་ལས་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་རི་སྐྱེས་སྲོག་ཆགས་རང་བྱུང་ཁམས་སུ་གཏོང་བ་སོགས་ཀྱི་བྱེད་སྒོར་རྒྱབ་སྐྱོར་དང་ཟབ་ཞུགས་བྱེད་རྒྱུར་སྐུལ་མ་བཏང་ནས་སྤྱི་དམངས་ཀྱིས་སྲོག་ཆགས་ལ་རོགས་སྐྱོབ་དང་ཚེ་ཐར་གཏོང་རྒྱུ་དེ་སྣོད་བཅུད་སྲུང་སྐྱོང་ལས་དོན་ཁྲོད་ཁྱབ་པར་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་དར་སྲོལ་གསར་པ་གཏོད་དགོས་པས་ཆེད་དུ་བརྡ་ཐོ་འདི་བཏང་བ་ལགས།
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས།
2025ལོའི་ཟླ5པའི་ཚེས16ཉིན།