ཞིང་ཆེན་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་ཉི་ཤུ་པ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཟླ3པའི་ཚེས19ཉིན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་ཉི་ཤུ་པ་ཟི་ལིང་དུ་འཚོགས།     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་།    རྒྱལ་ཡོངས་དམངས་སྲིད་གྲོས་ཚོགས་ཐེངས་བཅོ་ལྔ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་།    གྲུབ་འབྲས་ཕྱོགས་བསྡོམས་དང་།    ཉམས་མྱོང་སྤེལ་རེས་བྱས་ནས་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་བྱ་བའི་བླང་བྱ་བཏོན་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་ནས་གཏམ་བཤད།     

ཚོགས་འདུས་འདི་སྐད། དམངས་སྲིད་ལས་དོན་དེ་ཁྱིམ་ཚང་ཁྲི་སྟོང་གི་མི་སེར་གྱི་བདེ་སྐྱིད་དང་འབྲེལ་བ་ཡོད།     ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་མ་ལག་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་དང་།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དང་།    འགན་འཁྲི་ཏན་ཏིག་བསྒྲུབས་པ།    ཧུར་བརྩོན་དང་རང་འགུལ་གྱིས་བྱ་སྤྱོད་སྤེལ་བས།    གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་བ་དང་།    གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྔར་ལས་གསོན་ཤུགས་ལྡན་པ་དང་།    གཞི་རྩའི་སྤྱི་ཚོགས་ཞབས་ཞུར་སྔར་ལས་དྲོད་ཚད་ལྡན་པ།    དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་སྔར་ལས་རྨང་གཞི་ལྡན་པས།    ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས།    བརྟན་ལྷིང་གི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཤུགས་ལྡན་ཡོད།     

ཚོགས་འདུས་འདི་སྐད།    དུས་རབས་གསར་པ་དང་འགྲུལ་བཞུད་གསར་པའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་ལེགས་པར་བསྒྲུབ་དགོས་ན།    ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལས་དོན་གྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    དམངས་སྲིད་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་།    མི་དམངས་རང་བཞིན།    ཁྱོན་ཡོངས་རང་བཞིན།    སྲིད་ཇུས་རང་བཞིན་བཅས་ཁོང་དུ་ཆུད་པ་གཏིང་ཟབ་བྱས་ཏེ།    “གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་དང་།    “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་།    ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ལྟེ་བའི་ལས་འགན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ལ་དམ་པོར་དམིགས་ནས་མི་དམངས་ཀྱི་ཉིན་རེ་བཞིན་འཕར་བའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ།    སྲིད་ཇུས་ལམ་ལུགས་དང་།    ཞབས་ཞུའི་འགན་སྲུང་།    ལྟ་སྐུལ་དོ་དམ།    སྤྱི་ཚོགས་ཞུགས་པའི་མ་ལག་བཅས་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ།    མི་འབོར་རྒན་རྒོན་ལ་ཧུར་ཐག་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ།    སྤྱི་ཚོགས་རོགས་སྐྱོབ་དང་།    སྤྱི་ཚོགས་ཕན་བཅོས།    སྤྱི་ཚོགས་ལས་དོན།    སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ།    རང་ཞིང་གི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།   

ཚོགས་འདུས་འདི་སྐད།   མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་ཐད་གྲུབ་འབྲས་གསར་པ་ཐོན་ནས་རྒན་གསོ་ཞབས་ཞུའི་མཁོ་སྤྲོད་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་།    རྒན་གསོ་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    རྒན་རྒོན་ལས་དོན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་རྒན་རྒོན་གྱི་རིམ་པ་མང་བའི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་དགོས།     དམངས་ཚིས་ཀྱི་མ་མཐའི་ཚད་ཤིག་བརྟན་པོ་ཡོང་བའི་ཐད་ཕན་འབྲས་གསར་པ་ཐོན་དགོས།    ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།    དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ།    དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ནུས་ལྡན་བཅས་བྱ་དགོས།     སྤྱི་ཚོགས་ལས་དོན་དོ་དམ་ཞབས་ཞུའི་ཐད་མཐོ་རུ་གསར་པ་བཏང་ནས་དུར་འཇུག་ལས་རིགས་སྐྱོན་བྲལ་དང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།    གཉེན་སྒྲིག་ཞབས་ཞུའི་དོ་དམ་ལེགས་སུ་གཏོང་བ།    ས་མིང་སྤྱི་པའི་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།     སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་ཡོད་དགོས།    སྤྱི་ཚོགས་རྩ་འཛུགས་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས།    སྲིད་འཛིན་ས་ཁོངས་ཀྱི་སྤྱིའི་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས།    བདེ་འཇགས་མཐའ་མཚམས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་དགོས།    སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།     དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་གསར་པ་ཡོད་དགོས།    དགེ་སྒྲུབ་རྩ་འཛུགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།    ཕན་བདེའི་རྒྱན་ཤོག་སྤྱི་ཕན་མ་དངུལ་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱེད་དགོས།     

ཚོགས་འདུས་བླང་བྱ་བཏོན། ས་ཁུལ་ཁག་དང་།    འབྲེལ་ཡོད་སྡེ་ཚན་ཁོངས།    ཞིང་ཆེན་ཡོངས་ཀྱི་དམངས་སྲིད་མ་ལག་བཅས་ཀྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་དུ་གཏོང་བ་དང་།    བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ།    གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་བྱེད་པ།    སྤྱོད་ཚུལ་སྲ་བརྟན་དུ་གཏོང་བ།    མཚམས་ཐིག་གི་བསམ་གཞིགས་སྲ་བརྟན་དུ་གཏོང་བ།    ཡིད་ཆེས་བརྟན་པོ་དང་དངོས་བསྒྲུབ་སྔོན་ཐོན་བརྩོན་ལེན་བཅས་བྱས་ཏེ་མཐོ་སྒང་གི་དམངས་ཚིས་འགན་སྲུང་གི་མཚོ་སྔོན་གྱི་དཔེ་མཚོན་གཏོད་རྒྱུ་དང་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།     

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཚོགས་འདུར་གཙོ་སྐྱོང་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་ཚོགས་འདུར་ཞུགས།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།