ཟླ2པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཏེ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།
ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2025ལོའི་དཔྱིད་གསར་མཇལ་འཛོམས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དེས། འདས་ཟིན་པར་ཕྱིར་དྲན་དང་མ་འོངས་པར་རྒྱང་བལྟས་གནང་ཡོད་ཅིང་། མི་སེམས་ལ་སྐུལ་མ་ཐེབས་ཤིང་མདུན་སྐྱོད་ཀྱི་ངར་ཤུགས་ཆེས་ཆེར་བསྐྱེད། ང་ཚོས་འདས་ཟིན་པའི་ལོ་གཅིག་གི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཆེན་པོར་ངོས་ཟིན་ཟབ་མོ་བྱེད་པ་དང་། ད་ལོའི་ལས་དོན་གྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་ཅིང་ལེགས་པར་སྒྲུབ་པ། འབད་འཐབ་ཧུར་ཐག་གི་ཉམས་འགྱུར་དུས་དང་རྣམ་པ་ཀུན་ཏུ་རྒྱུན་སྲུང་བྱེད་པ། ཡིད་ཆེས་བརྟན་པ་དང་ཡིད་ལ་རེ་བས་ཁེངས་པ། དངོས་གཉེར་སྔོན་སྐྱོད་དང་རེ་བཞག་སྟོང་ཟད་དུ་མི་གཏོང་བ། དཔལ་འབྱོར་སླར་འཕར་བཟང་འཕེལ་གྱི་གནས་བབ་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པར་བསྟན།
ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཔྱིད་གསར་སྔོན་ལ་ལིའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་སྐྱོང་འཚམས་འདྲི་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་དང་ཕན་ཚུལ་འབྲེལ་བར་བྱས་ཏེ། གཞི་གཅིག་ཏུ་མྱོང་རྟོགས་དང་དངོས་འབེབས་ལེགས་པར་འཛིན་དགོས། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཚོགས་ཆེན་གྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་འདྲེས་སྦྱོར་ཡོང་བ་དང་གྲངས་འཛིན་དཔལ་འབྱོར་དང་དངོས་གཞི་དཔལ་འབྱོར་འདྲེས་སྦྱོར་ཡོང་བ། སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་འདྲེས་སྦྱོར་ཡོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྟོབས་ཤུགས་ཡོད་རྒུས་འཛུགས་དགོས། ཕྱི་ནང་སྒོ་འབྱེད་ལ་སྔར་ལས་རང་འགུལ་གྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་དངུལ་དང་རྒྱལ་ཁབ་ཁེ་ལས་བཅོས་སྒྱུར་ཟབ་མོར་སྤེལ་བ། དམངས་གཉེར་དཔལ་འབྱོར་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་ཞབས་ཞུའི་འགན་སྲུང་དྲ་བ་ཚགས་དམ་ལ་བརྟན་པོར་བཟོ་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་ཟབ་སྤེལ་གཏོང་བ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ངེས་པ་དོན་གྱིས་ལག་ཏུ་བསྟར་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དངོས་འབེབས་གཞིར་འབེབས་བྱེད་དགོས་པར་ནན་གྱིས་བསྟན།
ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ཏེ། རང་ཞིང་གི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྲུན་གྱི་བཅོས་སྒྱུར་ཟབ་ཅིང་དངོས་ལ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་འགག་སྒྲོལ་ལ་ཁེབས་པར་རིགས་དབྱེ་སྐུལ་འདེད་གཏོང་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཐོན་ལས་བཟོ་པའི་ཁྲོད་དངོས་ལ་བབ་ནས་རྩ་བ་ཚུགས་པར་སྐུལ་འདེད་བཏང་སྟེ། ཐོན་ལས་བཟོ་པས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀར་ཉན་པ་དང་ཏང་གི་རྗེས་འབྲང་བར་མཐུན་སྒྲིལ་བྱེད་དགོས། རྒྱུ་རྐྱེན་ལྟར་བགོ་བཤའ་རྒྱག་པའི་སྲིད་ཇུས་ལམ་ལུགས་འཐུས་ཚང་འཛུགས་པ་དང་། བསམ་པའི་རིག་གནས་ཀྱི་བརྩེ་བར་ཤུགས་སྣོན་པ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩལ་སྙིང་སྟོབས་དང་བཟོ་པའི་སྙིང་སྟོབས་བཅས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཐོན་ལས་བཟོ་པའི་གྲུབ་འབྲས་འདུ་ཤེས་དང་ཐོབ་སྣང་སྐྱིད་སྣང་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས་པར་བསྟན།
ཚོགས་ཐོག་ནས། ན་ནིང་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་འཆལ་སེལ་རྫུན་རྒོལ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁག་ལ་ཕན་འབྲས་མངོན་སུམ་ཐོབ། ལོ་གསར་པའི་ནང་། རྒྱལ་ཡོངས་ཀྱི་འཆལ་སེལ་རྫུན་རྒོལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་ནན་ཏན་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་གཙོ་གནད་གོ་རིམ་འཛིན་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་འཇོན་ནུས་ཇེ་དྲག་ཏུ་གཏོང་བ། ལངས་གནས་སྔར་ལས་མཐོན་པོ་དང་ཚད་གཞི་སྔར་ལས་ནན་མོ་ལ་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་ཟབ་མོར་སྤེལ་དགོས། གནས་བབ་གསར་པ་ཡང་དག་པར་ཁོང་དུ་ཆུད་པ་དང་། རིག་ནུས་ལྟ་སྡོམ་བྱེད་ཐབས་གསར་གཏོད་བྱེད་པ། ཡུན་ཕན་འགོག་སྡོམ་མ་ལག་འཛུགས་པ། དྲ་རྒྱ་དང་དངོས་རྒྱུག་སོགས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སྡོམ་ནན་མོ་བྱས་ཏེ། གྲངས་འཛིན་ཅན་གྱི་ཁྲིམས་འཛིན་ཕན་ནུས་མཐོར་འདེགས་དགོས། གཞི་རིམ་མང་ཚོགས་རང་འགུལ་གྱི་ཟབ་ཞུགས་བྱེད་པར་སྐུལ་ཏེ། གོང་འོག་སྦྲེལ་བ་དང་ལག་བསྟར་སྟོབས་ཡོད་པའི་ལས་དོན་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།
ཚོགས་ཐོག་ནས2024ལོའི་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་འཛིན་པའི་ལས་སྒྲུབ་དཔྱད་གླེང་གནས་ཚུལ་གྱི་སྙན་ཞུར་མཉན་པ་དང་། ཞིང་ཆེན་རིམ་པའི་གཞུང་ལམ306ཀོན་ཧ་གཞུང་ལམ་ཡན་ཀོན་དུམ་མཚམས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་བྱས་ཏེ། 《ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་ཚད་བསྡུར་དཔྱད་ཞིབ་རྒྱུ་ཆ》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། །