ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་ཟླ2པའི་ཚེས7ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ། 2024ལོའི་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། མིག་སྔའི་ཆུ་བེད་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་དང་གོ་སྐབས་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། 2025ལོའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

2024ལོར། ཞིང་ཆེན་ཡོངས་ཀྱི་ཆུ་བེད་དངུལ་གཏོང་ཐད་ནས་ཡང་བསྐྱར་ཟིན་ཐོ་གསར་བ་བསྐྲུན་པ་དང་། ལས་གཞི་བཞི་བརྒྱ་དང་དོན་གཅིག་ལས་མགོ་བརྩམས་ལ། བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བྱེ་བ་གཉིས་བཏང་ལ། དེ2023ལོ་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་ལྔ་ལྷག་འཕར་སྣོན་བྱུང་། བཀོལ་ཆུའི་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་ཇེ་མཐོར་སོང་བ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ལ། དམངས་ཚིས་ཆུ་བེད་སྲ་བརྟན་དང་མཐོར་འདེགས་སོང་བ་དང་། ལས་རིགས་དོ་དམ་ཐད་ནས་གདང་འདེགས་རིམ་སྤོར་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཐད་གོམ་སྟབས་བརྟན་པོ་བསྒྱུར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2025ལོར་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པ། གཟབ་ནན་དང་དངོས་གཉེར། ཞིབ་ཕྲའི་ཚད་གཞི་འབུར་དུ་ཐོན་པར་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཆུ་བེད་འཆར་འགོད་ཀྱི་མཇུག་བསྒྲིལ་དམག་འཐབ་ཀྱི་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་བཟང་བོ་རྩོམ་པའ་ཐད་རྨང་གཞི་བརྟན་པོ་འདིང་དགོས། གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་དམ་དུ་དམིགས་པ་དང་། ཆུ་བེད་འཆར་འགོད་ཀྱི་སྣེ་ཁྲིད་དང་ཆུ་ཐན་སྐྱོན་གྱི་གནོད་འཚེ་འགོག་རྒོལ། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་དང་བེད་སྤྱོད། ཁུལ་ཁོངས་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག ཆུའི་སྐྱེ་ཁམས་སྲུང་སྐྱོབ། རོང་འབྲོག་ཁུལ་གྱི་ཆུ་འདོན་སྤྲོད། ལས་རིགས་གསར་གཏོད་འཕེལ་རྒྱས། ཏང་གི་འཛུགས་སྐྲུན་སོགས་ནུས་པ་བརྒྱད་མཐོར་འདེགས་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཤུགས་དང་ལྡན་པའི་ཆུའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།