མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ2པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ནས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས། 

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དབྱི་པིན་གྲོང་ཁྱེར་ཅུན་ལེན་རྫོང་དུ་རི་ཉིལ་དོན་རྐྱེན་བྱུང་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་ཏན་ཏིག་གཅིག་གྱུར་བྱས་ནས། ཉེན་ཁའི་འདུ་ཤེས་བརྟན་པོ་བཙུགས་ཏེ་གནོད་འཚེ་སྣ་ཚོགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གནོད་འཚེའི་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། ཞིང་ཆེན་གྱི་གནམ་གཤིས་དང་ས་དབྱིབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དབྱེ་ཞིབ་དང་དཔྱད་བསྡུར་ལ་ཤུགས་སྣོན་པ་དང་། ས་གཤིས་གནོད་འཚེ་ཐོན་སླ་བའི་ས་ཁུལ་དང་མངོན་མེད་རྐྱེན་ངན་གྱི་གལ་ཆེའི་གནས་ལ་དམ་པོར་དམིགས་ཏེ་ཞིབ་བཤེར་བཅོས་སྐྱོང་བྱ་བ་གཏིང་ཟབ་དང་ཞིབ་ཚགས་ངང་ལེགས་པར་བསྒྲུབ་དགོས་པ་དང་། མང་ཚོགས་ཀྱིས་ཚད་ལེན་སྔོན་འགོག་བྱེད་པ་དང་། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བ། རོགས་སྐྱོབ་དཔུང་ཁག་འཛུགས་སྐྲུན་བྱེད་པ་བཅས་ལ་ཤུགས་བསྣན་ཏེ། ནུས་ཤུགས་ཡོད་རྒུས་ས་གཤིས་གནོད་འཚེ་འགོག་བཅོས་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས། ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་ལས་ཀའི་མྱུར་ཚད་སྔར་བས་ཇེ་མགྱོགས་སུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་ཆེ་བའི་ས་གཤིས་གནོད་འཚེའི་ཉེན་འགོག་གནས་སྤོ་བཟོ་འགོད་ལ་ཕན་ལྡན་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་བདེ་སྡོད་སེམས་སྐྱིད་དང་ལས་སྤྲོ་ཡོང་བར་བྱེད་དགོས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2025ལོའི་དཔྱིད་གསར་དུས་ཆེན་གྱི་ཚོགས་འདུ་དང་དཔྱིད་གསར་དུས་ཆེན་གྱི་སྔོན་ལ་ལུའོ་ཉིང་དུ་ཕེབས་ཏེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ལེ་དབར་སྟོང་ལ་བསྐྱོད་པའི་སྦྲུལ་གྱི་ངར་ཤུགས་བཏོན་ནས་གསར་གཏོད་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་སྒོས་བྱ་བ་སྒྲུབ་པ་དང་། དོན་གཉེར་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡོང་འབབ་བརྩོན་པ་དང་ཚོང་འགུག་བྱེད་པ།ལས་གཞི་བརྩོན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། སྔར་ལས་རང་འགུལ་ངང་ཕྱི་ནང་གི་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། བཅོས་བསྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་བཅོས་བསྒྱུར་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། མཚོན་རྟགས་རང་བཞིན་གྱི་བཅོས་བསྒྱུར་བྱེད་ཐབས་ཁག་གཅིག་ལག་ལེན་དུ་བསྟར་བ་བཅས་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱོད་གཙང་སྲིད་གཙང་གི་ཆབ་སྲིད་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། 

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ།སྲིད་གཞུང་གི་བྱ་བའི་སྙན་ཞུའིགཙོ་གནད་བྱ་བའི་ལས་བགོས་ཇུས་གཞི་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཇེ་དྲག་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། མ་ལག་ཅན་དང་གསར་གཏོད་རང་བཞིན་གྱིས་དོན་འཁྱོལ་དམ་འཛིན་བྱས་ཏེ། བཅོས་བསྒྱུར་གསར་གཏོད་ཀྱི་བྱེད་ཐབས་སྤྱད་ནས་དཀའ་གནད་ཐག་གཅོད་བྱས་ཏེ། ཚོར་ཡོད་མཐོང་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་མང་པོ་བཏོན་ནས། ཡིད་ཆེས་བརྟན་པོ་དང་དོན་གཉེར་དམ་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ལེན་དགོས། 

གྲོས་ཚོགས་སྟེང306ཞིང་ཆེན་གཞུང་ལམ་གྱི་ཀོན་ཐེན་ནས་ཧ་ཁྲིན་བར་གྱི་གཞུང་ལམ་ཏེ་ཡན་ཀོན་ལས་མཚམས་ཀྱི་འཛུགས་སྐྲུན་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ལས་དོན་དང་གཞུང་དབང་ཁེ་ལས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ།རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་མཛུབ་ཁྲིད(ཚོད་ལྟའི་ལག་བསྟར་བྱེད་པ)》བཅས་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཉན། 

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།