ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བྱ་བར་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་སྤྱི་སྡོམ་གཏམ་བཤད་སྤེལ།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། ད་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་ནམ་ཡང་ཁོང་དུ་ཆུད་པར་བྱེད་པ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་འཛུགས་པ། གལ་ཆེ་བ་གཙིགས་སུ་འཛིན་པ་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་སྤྱིའི་དམིགས་འབེན་དུ་བྱེད་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་རྒྱུ་དེ་སྤྱིའི་བྱེད་ཐབས་སུ་བྱེད་པ། བཟོ་བ་དང་ཞིང་བས་ཕན་ཚུན་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་ཕན་ཚུན་ཁ་གསབ་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཀྱི་རིགས་གསར་བའི་བཟོ་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་བ་འཛུགས་པ། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་རོང་འབྲོག་ཁུལ་གྱི་གསོན་ཤུགས་ཆེར་བསྐྱེད་པ། རོང་འབྲོག་དམངས་ཀྱི་ཡར་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ལས་ཞིང་སྡེ་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབྲེལ་བ་ཟབ་མོ་ཡོད་པས། རྨོ་ཞིང་སྲུང་སྐྱོབ་ནན་མོ་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ས་རྒོད་དུ་བསྒྱུར་བའི་ཞིང་ས་བསྐྱར་འདེབས་བེད་སྤྱོད་དང་བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བ། ནས་དང་ཞོག་ཁོག ལོག་དཀར་སོགས་འབྲུ་སྣུམ་ལོ་ཏོག་གཙོ་བོའི་ཐོན་ཚད་དོ་མཉམ་སྒོས་ཇེ་མང་དུ་གཏོང་རྒྱུ་དམ་འཛིན་བྱས་ནས། འབྲུ་རིགས་བརྟན་འཇགས་དང་མཁོ་འདོན་ལ་འགན་སྲུང་བྱེད་པའི་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རིགས་བགར་ནས་ཐོན་ལས་སྤུས་འདེགས་ནུས་སྤེལ་ཡོང་བར་རོགས་འདེགས་བྱེད་པ། རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་མ་ལག་ཇེ་བརྟན་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་བར་བརྒལ་བྱེད་པར་ཁག་ཐེག་བྱེད་དགོས། ནོར་གནག་དང་བོད་ལུག འཕང་འབྲས་སོགས་ཐོན་ལས་ཆེན་པོ་བཅུ་གཙིགས་སུ་འཛིན་པ་དང་། ཐོན་ལས་གཅིག་ལ་བྱེད་ཐབས་གཅིག་སྤྱད་དེ་ལོ་གསུམ་འགུལ་སྐྱོད་ཀྱི་ཇུས་གཞི་གཏན་འབེབས་བྱེད་པ། ཐོན་ལས་ཅན་དང་ཚན་རྩལ་ཅན། ཚོང་ར་ཅན། ཚོང་རྟགས་ཅན་དུ་བསྒྱུར་བའི་སྟེང་ཤུགས་འདོན་པ། ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། རོགས་སྐྱོར་རོགས་ལས་ཀྱི་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁྱད་ལྡན་ངལ་རྩོལ་ཚོང་རྟགས་རྒྱུན་མཐུད་ངང་གསར་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ཐད་ནས་སྔར་ལས་བརྟན་འཇགས་དང་སྔར་ལས་འགན་སྲུང་ཡོད་པར་བྱེད་དགོས། འཆར་འགོད་སྔོན་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་གཞི་ལེགས་བསྡུ་བྱེད་པར་ཤུགས་སྣོན་པ། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ། གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་སྡེ་བ། གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་སྡེ་བའི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་བབ་སྡོད་ལས་བརྩོན་དང་ཞི་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སོན་ལས་དར་སྤེལ་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་བ་དང་། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བསྒྱུར་བཀོལ་བྱེད་པར་ཤུགས་སྣོན་པ། ཚད་གཞི་མཐོར་འདེགས་དང་ཁྱབ་ཁོངས་རྒྱ་བསྐྱེད་པར་དམིགས་ནས་ཞིང་ལས་སྒྲིག་ཆས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཆུ་ཚད་མཐོར་འདེགས་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་། སྲོལ་རྙིང་བསྒྱུར་བ་དང་བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་བྱེད་པ། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བཏང་སྟེ། གྲོང་གསེབ་སྤྱི་ཚོགས་ལ་གསོན་ཤུགས་ལྡན་པར་མ་ཟད་བདེ་འཇགས་འཆམ་མཐུན་ཡོང་བར་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། མི་རུང་བ་དྲུག་དང་མི་ཆོག་པ་གཉིས་ཀྱི་སྲིད་ཇུས་ཚད་མཐའ་བརྟན་སྲུང་བྱེད་པ། ས་ཞིང་འགན་ལེན་ཚོད་ལྟ་བརྟན་བརླིང་ངང་སྤེལ་བ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ནུས་པ་ཇེ་ཆེར་བཏང་ནས། ཞིང་སྡེ་བཅོས་སྒྱུར་གྱི་ལས་འགན་གཙོ་བོ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། དཔེ་མཚོན་གྱི་སྣེ་ཁྲིད་དམ་འཛིན་བྱེད་པ། གཟབ་ནན་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། རིམ་པ་སོ་སོའི་ལས་བྱེད་པའི་ཞིང་གསུམ་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། ཏང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། བྱ་བའི་སྒྲིག་ལམ་དམ་པོ་བྱེད་པ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ས་བབ་དང་བསྟུན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།
ལའོ་ཏུང་ཁྲོན་གྱིས་མགོ་འཛིན་གཏམ་བཤད་བྱེད་སྐབས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་འགན་སྲུང་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། རིགས་གསར་བའི་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་གཅིག་འདོམས་བྱེད་པ་དང་། ས་བབ་དང་བསྟུན་ནས་ལས་དར་རྫོང་དར་དང་དམངས་ཕྱུག་བཅས་གཞི་གཅིག་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་བཏང་སྟེ། བབ་སྡོད་ལས་བརྩོན་གྱི་ཞི་མཛེས་གྲོང་གསེབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། རྐྱེན་སྲོལ་གྱི་སྣེ་ཁྲིད་དང་རྒྱུ་རྐྱེན་གཙོ་བོའི་མཉམ་འབྲེལ། ཞབས་ཞུས་སྐུལ་འདེད་བཅས་ལ་ཤུགས་སྣོན་པ་དང་། ཞིང་དར་ཞིང་ཕན་དང་ཞིང་ཕྱུག་གི་སྲིད་ཇུས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མང་ཚོགས་ཀྱིས་མྱོང་རེག་བྱེད་ཐུབ་པའི་དོན་དངོས་སྐོར་ཞིག་སྒྲུབ་སྟེ། ཞིང་ཕྱུགས་ལས་ཀྱི་རྨང་གཞི་སྔར་ལས་བརྟན་པ་དང་རོང་འབྲོག་ཁུལ་སྔར་ལས་དར་རྒྱས་ཆེ་བ། རོང་འབྲོག་དམངས་ཀྱི་འཚོ་བ་སྔར་ལས་བཟང་བོ་ཡོང་བར་བྱེད་དགོས། མིག་སྔའི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བྱ་བ་བཟང་བོར་སྒྲུབ་པ་དང་། དཔྱིད་ཀའི་རྨོ་འདེབས་བྱ་བ་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ནས། སྟོབས་ཤུགས་ཡོད་རྒུས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་མགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་དགོས།
ལིའུ་ཆི་ཧྥན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྡོམས་གཏམ་བཤད་ཁྲོད། གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན་ལས་དོན་ཤུགས་ཆེན་པོས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཆར་འགོད་བྱ་བར་ཕྱིར་བལྟའི་ལས་དོན་སྤེལ་བ་དང་། རིགས་སོ་སོའི་འཆར་འགོད་དེ་སྡེ་བ་རིམ་པའི་ངོས་ཐད་ནས་འཆར་འགོད་མང་པོ་གཅིག་སྡུད་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། འཆར་འགོད་སྒྲིག་ལུགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། རོང་འབྲོག་པའི་འདོད་བློར་བརྩི་འཇོག་བྱེད་པ། ཞིང་གྲོང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། གཙོ་གནད་བྱ་བ་སྦྲེལ་མཐུད་བྱེད་པ། བར་ཁྱད་ཅན་གྱི་རིགས་བགར་བྱེད་པ་དང་སྡེ་བ་སྟོང་ལ་ཁྱད་ཆོས་གཅིག་ལས་མེད་པ་གཏན་འགོག་བྱེད་དགོས། ལྟ་ཞིབ་རྐྱེན་སྲོལ་འཐུས་ཚང་བཙུགས་ཏེ། གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན་བྱས་པའི་དཔེ་མཚོན་གྲོང་སྡེ་སྐོར་ཞིག་བསྐྲུན་དགོས། གྲོང་གསེབ་འཆར་འགོད་དང་འཛུགས་སྐྲུན་ཐད་ཀྱི་གཞི་གྲངས་སྩོལ་ནུས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དོ་དམ་དང་འགུལ་རྣམ་དོ་དམ། ནུས་མཐོའི་དོ་དམ་བཅས་མངོན་འགྱུར་བྱེད་དགོས། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་སློབ་གླིང་གི་སློབ་སྒྲུབ་སྤུས་ཚད་ཇེ་མཐོར་གཏོང་བ་དང་གསར་གཏོད་བྱས་ཏེ། བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱི་ཕྱོགས་འབྲེལ་འདྲིས་ཁྱབ་རྒྱ་ཆེ་རུ་གཏོང་བ། གསོ་སྦྱོང་སྤུས་ཚད་ཇེ་མཐོར་གཏོང་བ། རིག་མཛོད་བྱེད་ནུས་འདོན་སྤེལ་བྱས་ནས། རོང་འབྲོག་ལས་ལ་མཁས་ཤིང་། རོང་འབྲོག་ཁུལ་ལ་དགའ་བ། རོང་འབྲོག་མང་ཚོགས་ལ་གཅེས་སྐྱོང་བྱེད་པའི་ཆེད་ལས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་བྱས། གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་ཤིང་། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུའུ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། འབྲེལ་ཡོད་ས་ཁུལ་གྱིས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་། ལིའུ་མཱེ་ཕིན། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན། ལོའུ་ཀང་། ལིའུ་ཐའོ། དབྱང་ཀྲིན་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཝང་ཧའེ་ཧུང་བཅས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས།