《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་འཆར་ཇུས་སྐོར་གྱི་བརྡ་སྦྱོར》(ཀྲུང་ཨུའི་(2000ལོའི)ཡིག་ཆ་ཨང62པ)དང་།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་སྲིད་གཞུང་གི་སྒྲིག་གཞི་བཀོད་སྒྲིག་སྐོར་གྱི་བརྡ་སྦྱོར》(ན་གཞོན་ཨུ་ཡོན་ལྷན་ཁང་(2000ལོའི)ཡིག་ཆ་ཨང50པ)ལྟར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་བཙུགས་པ་ནི། ཞིང་ཆེན་སྲིད་གཞུང་གི་གྲུབ་ཆ་ཡིན་ལ། ཞིང་ཆེན་སྲིད་གཞུང་གིས་ནོར་སྲིད་གཏོང་ཡོང་དང་། ནོར་སྲིད་ཁྲལ་བསྡུའི་སྲིད་ཇུས། རྒྱལ་ཁབ་ལ་དབང་བའི་མ་རྩའི་རྨང་གཞིའི་བྱ་བ་བཅས་་སྤྱི་ཁོག་སྙོམ་སྒྲིག་གཙོ་གཉེར་སྡེ་ཁག་ཡིན།
མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་འགན་འཁྲི་གཙོ་བོ་ནི།
(གཅིག) ནོར་སྲིད་དང་ཁྲལ་འབབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་། བྱེད་ཕྱོགས་སྲིད་ཇུས། དུས་ཡུན་འབྲིང་རིང་གི་འཆར་འགོད། བསྒྱུར་བཅོས་ཀྱི་ཇུས་གཞི། དེ་བཞིན་འབྲེལ་ཡོད་ཀྱི་སྲིད་ཇུས་གཞན་དག་བཅས་འཆར་འགོད་དང་ལག་བསྟར་བྱ་བའི་འགན་དང་། ས་ཁོངས་ཁག་གི་དཔལ་འབྱོར་སྲིད་ཇུས་གཏན་འབེབས་ནང་ཞུགས་པ་དང་། ནོར་སྲིད་ཀྱི་སྲིད་ཇུས་སྤྱད་དེ་ས་ཁོངས་སྙོམས་སྒྲིག་དང་སྤྱི་ཚོགས་ཀྱི་ནོར་ཤུགས་ཕྱོགས་བསྡུས་དོ་མཉམ་ཡོང་བར་གྲོས་འགོ་འདོན་པ་བཅས་ཀྱི་འགན་ཡོད།
(གཉིས།) རྒྱལ་ཁབ་ཀྱི་ནོར་སྲིད་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ་དང་། ནོར་དོན། རྩིས་གཉེར་དོ་དམ་བཅས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་བར་སྒྲིག་འཛུགས་དང་། འབྲེལ་ཡོད་ས་གནས་རང་བཞིན་ལྡན་པའི་ཁྲིམས་སྲོལ་དང་། སྒྲིག་སྲོལ། གཏན་འབེབས་ཞིབ་ཕྲ་བཅས་བཟོ་འགོད། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བར་མཛུབ་སྟོན་བཅས་བྱ་བའི་འགན་འཁུར་དགོས།
(གསུམ) ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྔོན་རྩིས་འཆར་ཟིན་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་བྱ་བའི་འགན་དང་། ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་ལྟར་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་དང་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་བ། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ངེས་རྩིས་སྙན་སེང་ཞུ་བ། ཞིང་ཆེན་རིམ་པའི་ནོར་སྲིད་ཡོང་འབབ་ཁག་ལ་དོ་དམ་དང་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་མ་ཚུད་པའི་མ་དངུལ་དང་ནོར་སྲིད་ཆེད་སྤྱོད་རྩིས་ཁྲར་དོ་དམ་བྱ་བ། འབྲེལ་ཡོད་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩར་དོ་དམ་བཅས་ཀྱི་འགན་ཡོད།
(བཞི།) ལོ་འཁོར་གྱི་སྔོན་རྩིས་བཀོད་སྒྲིག་གཞིར་བཟུང་ནས་ནོར་སྲིད་ཀྱི་ཁྲལ་བསྡུའི་ཡོང་སྒོའི་འཆར་གཞི་གཏན་ལ་འབེབས་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཁྲལ་རིགས་སྣོན་འཕྲི་དང་། དཔྱ་ཁྲལ་གྱི་རྣམ་གྲངས་དང་ཁྲལ་ཚད་ལེགས་སྒྲིག དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་བཅས་གཏོང་བའི་ལས་ཀ་སྒྲིག་འཛུགས་ལག་བསྟར། ཞིང་འབྲོག་ལས་ཀྱི་དཔྱ་ཁྲལ་བསྡུ་ལེན་དང་དོ་དམ་བྱེད་འགན་བཅས་འཁུར་དགོས།
(ལྔ།) ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྤྱི་པའི་འགྲོ་གྲོན་དོ་དམ་དང་། སྲིད་གཞུང་གི་ཉོ་སྒྲུབ་སྐོར་གྱི་སྲིད་ཇུས་བཟོ་འགོད་དང་ལག་བསྟར། ནོར་སྲིད་སྔོན་རྩིས་ནང་གི་སྲིད་འཛིན་ལས་ཁུངས་དང་། དོན་ལས་སྡེ་ཚན། སྤྱི་ཚོགས་ཀྱི་ཚོགས་པ་བཅས་ཀྱི་ཉོ་ཚོང་མིན་པའི་ཕྱི་རྒྱལ་གྱི་དངུལ་བརྗེས་དང་ནོར་སྲིད་ཀྱི་སྔོན་རྩིས་ནང་གི་གཏོང་ཡོང་གཞན་དག་ལ་དོ་དམ། རྒྱལ་ཡོངས་སུ་གཅིག་གྱུར་གྱིས་གཏན་འབེབས་བྱས་པའི་གཏོང་སྒོའི་ཚད་གཞི་དང་གཏོང་སྒོའི་སྲིད་ཇུས་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ། 《དོན་ལས་ཚན་པའི་ནོར་དོན་གཏན་འབེབས》དང་《སྲིད་འཛིན་ཚན་པའི་ནོར་དོན་སྒྲིག་སྲོལ》གཞི་རྩའི་འཛུགས་སྐྲུན་གྱི་ནོར་དོན་ལམ་ལུགས་བཅས་ལག་བསྟར། སྔོན་རྩིས་ནང་མ་ཚུད་པའི་མ་དངུལ་སྐོར་གྱི་སྲིད་ཇུས་དང་། ཁྲིམས་སྲོལ། ལག་བསྟར་བྱེད་ཚུལ་བཅས་ལ་ལྟ་སྐུལ། སྔོན་རྩིས་ནང་མ་ཚུད་པའི་མ་དངུལ་དོ་དམ་དང་བེད་སྤྱོད་བཅས་ཀྱི་འགན་དང་། ཆད་གཅོད་དང་གཞུང་བཞེས་བཏང་བའི་ཡོང་འབབ་ལ་ལྟ་སྐུལ་དོ་དམ་དང་། ཆད་གཅོད་དང་གཞུང་བཞེས་བཏང་བའི་ཐོབ་ཐང་སྣ་ཚོགས་ལ་ཞིབ་དཔྱད། ནོར་རྩིས་པའི་ལས་སྒོའི་དོ་དམ་དང་ཐོབ་ཐང་གཏན་འཁེལ། ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་ལྟར་སྲིད་འཛིན་བྱ་གཞག་ཚན་པའི་གྲོན་བསྡུའི་རྣམ་གྲངས་འཛུགས་པར་ཞིབ་བཤེར་བཅས་བྱ་བའི་འགན་འཁུར་དགོས།
(དྲུག) གཞུང་དབང་རྒྱུ་ནོར་དོ་དམ་བྱེད་པའི་བསྒྱུར་བཅོས་ཇུས་གཞི་དང་ལག་བསྟར་བྱེད་ཐབས་ཞིབ་འཇུག་ཐོག་འདོན་པའི་འགན་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བའི་དཔྱད་ཞིབ་དམིགས་ཚད་ཀྱི་མ་ལག་བཟོ་བ་དང་འབྲེལ་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བ། ཞིང་ཆེན་རིམ་པའི་ཁེ་ལས་ཀྱིས་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གཉེར་སྐྱོང་གི་དབང་ཆ་སྤྲོད་པའི་འགན། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་སྲིད་འཛིན་དོན་ལས་ཚན་པའི་ཐོན་དངུལ་གཙང་བཤེར་དང་། བདག་དབང་དབྱེ་འབྱེད། ནང་བཤུག་དང་ཐོ་འགོད་བཅས་ཀྱི་ལས་འགན། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་བསྡོམས་རྩིས་དང་། དབྱེ་ཞིབ། ཁྲིད་སྟོན་བྱེད་པའི་ལས་སྒོ་བསྒྲུབ་པའི་ལས་འགན་བཅས་འཁུར་དགོས།
(བདུན།) ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་དཔལ་འབྱོར་གོང་དུ་སྤེལ་བའི་འགྲོ་གྲོན་དང་། རྒྱལ་ཁབ་དང་ཞིང་ཆེན་གྱིས་མ་དངུལ་འཇོག་པའི་རྣམ་གྲངས་ཀྱི་ནོར་སྲིད་གཏོང་དངུལ། རྒྱལ་ཁབ་དང་ཞིང་ཆེན་གྱི་ནོར་སྲིད་ཀྱིས་མ་དངུལ་བཞག་པའི་མངོན་མེད་ནུས་ཤུགས་སྔོག་འདོན་དང་བསྒྱུར་བཀོད་བྱེད་པའི་ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་བཅས་བསྒྲུབ་པ་དང་དེར་ལྟ་སྐུལ། 《ཁེ་ལས་ནོར་དོན་ཀུན་འཕྲོད་སྒྲིག་སྲོལ》ལག་བསྟར་ལ་ལྟ་སྐུལ་བཅས་བྱེད་པའི་འགན་ཡོད།
(བརྒྱད།) ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྤྱི་ཚོགས་འགན་སྲུང་གི་གཏོང་སྒོར་དོ་དམ་དང་སྤྱི་ཚོགས་འགན་སྲུང་མ་དངུལ་གྱི་ནོར་དོན་དོ་དམ་ལམ་ལུགས་ལག་བསྟར་བྱེད་པར་ལྟ་སྐུལ། སྤྱི་ཚོགས་འགན་སྲུང་གི་མ་དངུལ་བེད་སྤྱོད་བྱས་ཚུལ་ལ་ནོར་སྲིད་ནས་ལྟ་སྐུལ་བྱེད་པར་སྒྲིག་འཛུགས་བཅས་ཀྱི་འགན་འཁུར་དགོས།
(དགུ) སྲིད་གཞུང་རང་བཞིན་གྱི་ཕྱི་བུན་རྣམ་གྲངས་ལེགས་འདེམས་དང་། རྣམ་གྲངས་འཛུགས་པ། དཔྱད་དཔོག རིགས་པས་ཁུངས་སྐྱེལ་བཅས་ཀྱི་་འགན་དང་། ཐོག་མའི་ཞིབ་དཔྱད་གོང་ཞུ་དང་། བུན་ལེན། བུན་སྒྱུར། བུན་འཇལ་བཅས་དང་འབྲེལ་དངུལ་བུན་བེད་སྤྱོད་དང་དོ་དམ་ལ་ལྟ་སྐུལ་བྱ་བའི་ལས་འགན་བཅས་འཁུར་དགོས།
(བཅུ།) རྩིས་གཉེར་ལམ་ལུགས་སྒྲིག་འཛུགས་ལག་བསྟར་དང་ལྟ་སྐུལ་དོན་འཁྱོལ། 《ཁེ་ལས་ཀྱི་རྩིས་གཉེར་ཚད་གཞི》དང་། ནོར་སྲིད་སྔོན་རྩིས། སྲིད་འཛིན་དང་དོན་ལས་སྡེ་ཚན་དང་ལས་རིགས་ཀྱི་རྩིས་གཉེར་ལམ་ལུགས་བཅས་ལག་བསྟར་བྱ་བ་སྒྲིག་འཛུགས་དང་དེར་ལྟ་སྐུལ་བྱ་བའི་འགན། ཐོ་བཀོད་རྩིས་པ་ཆེ་མོ་དང་རྩིས་པ་ཆེ་མོའི་ལས་གཉེར་ཁང་གི་ལས་སྒོར་སློབ་སྟོན་དང་ལྟ་སྐུལ། རྩིས་གཉེར་གློག་རྩིས་ཅན་དུ་འགྱུར་བའི་དོ་དམ་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱ་བའི་འགན་བཅས་འཁུར་དགོས།
(བཅུ་གཅིག) རྒྱལ་ཁབ་ཀྱི་འབྲེལ་ཡོད་རྒྱན་ཤོག་ཚོང་རའི་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་སྒྲིག་འཛུགས་དང་། རྒྱན་ཤོག་འགྲེམས་སྤེལ་ལས་ཁུངས་སྣ་ཚོགས་ལ་ལྟ་སྐུལ་དོ་དམ། རྒྱན་ཤོག་འགྲེམས་སྤེལ་གྱི་ཡིག་ཐོག་སྙན་ཞུར་ཞིབ་དཔྱད་དང་། རྒྱན་ཤོག་འགྲེམས་སྤེལ་བྱེད་སའི་ས་ཁུལ་དང་། འགྲེམས་སྤེལ་བྱེད་སྟངས། འགྲེམས་སྤེལ་གྱི་གྲངས་ཚད་བཅས་འཆར་འགོད་གཏན་འཁེལ་གྱི་འགན་དང་། ལྟ་སྐུལ་དོ་དམ་གྱི་འགན་བཅས་འཁུར་དགོས། རྒྱན་ཤོག་ཕྱིར་ཚོང་དང་། མ་དངུལ་བེད་སྤྱོད། དྲིལ་བསྒྲགས་བྱེད་སྟངས། གློག་ཀླད་མིན་པའི་རྒྱན་ཤོག་གི་མ་དངུལ་སྤྲོད་སྟངས། ཕྱིར་ཚོང་བྱ་སྤྱོད་ཀྱི་ལུགས་མཐུན་རང་བཞིན། གློག་ཀླད་རྒྱན་ཤོག་གི་འགྲེམས་སྤེལ་མཉེན་ཆས། རོལ་རྩེད་སྒྲིག་སྲོལ། རྒྱན་ཤོག་ཁྲོམ་རའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་བཅས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་དང་། ཁྲིམས་འགལ་གྱི་རྒྱན་ཤོག་སྤྲོད་པའི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱ་བའི་འགན་བཅས་འཁུར་དགོས།
(བཅུ་གཉིས) ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་འགན་ཡོད།
(བཅུ་གསུམ།) ནོར་ཁྲལ་བྱེད་ཕྱོགས་སྲིད་ཇུས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་དང་། ནོར་སྲིད་གཏོང་ཡོང་དོ་དམ་ཁྲོད་ཀྱི་གལ་ཆེའི་གནད་དོན་ཞིབ་བཤེར་གོང་ཞུ་བྱས་ཏེ་ནོར་སྲིད་དོ་དམ་ལ་ཤུགས་སྣོན་པའི་སྲིད་ཇུས་ཀྱི་གྲོས་འཆར་འདོན་པའི་འགན། ནོར་སྲིད་ཆ་འཕྲིན་དང་ནོར་སྲིད་དྲིལ་བསྒྲགས་ཀྱི་འགན། ནོར་སྲིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡར་སྒྲིག་འཛུགས་བྱ་བའི་འགན་བཅས་འཁུར་དགོས།
(བཅུ་བཞི།) གཞུང་དབང་ཁེ་ལས་ཀྱི་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་འབྲེལ་ཡོད་དོ་དམ་ལས་དོན་སྒྲུབ་པའི་འགན་འཁུར་དགོས།
(བཅོ་ལྔ) ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་པའི་འགན་འཁུར་དགོས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།