ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་ཀྲུང་གོའི་དབང་བོ་སྐྱོན་ཅན་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ས་གནས་རྩ་འཛུགས་ཤིག་ཡིན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས》ལྟར། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་དབང་བོ་སྐྱོན་ཅན་རང་ཉིད་ཀྱི་འཐུས་ཚབ་རྩ་འཛུགས་དང་། སྤྱི་ཚོགས་ཕན་བདེ་ཚོགས་པ། ལས་དོན་དོ་དམ་ལས་ཁུངས་བཅས་གཞི་གཅིག་ཏུ་བསྲེས་པའི་དབང་བོ་སྐྱོན་ཅན་གྱི་ལས་དོན་ཚོགས་པ་ཞིག་ཡིན། “འཐུས་མི་དང་། ཞབས་ཞུ། དོ་དམ”བཅས་ཀྱི་འགན་ནུས་ལྡན་པ། དབང་པོ་སྐྱོན་ཅན་ཐུན་མོང་གི་ཁེ་ཕན་གྱི་ཚབ་ཞུ་བ་དང་། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་།  ལས་སྒོ་དང་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་དབང་པོ་སྐྱོན་ཅན་ལ་ཐད་ཀར་ཞབས་འདེགས་ཞུ་བ་ཡིན།  དེར་སྲིད་གཞུང་ནས་མངགས་བཅོལ་བྱས་པའི་སྲིད་འཛིན་གྱི་འགན་ནུས་ཆ་ཤས་སྒྲུབ་པའི་འགན་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་སྤེལ་དང་དོ་དམ་བྱ་བའི་འགན་ཡོད།  ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གྱིས་འབྲེལ་བ་བྱེད་པ་དང་། ལས་སྒོའི་ཐད་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་ཁ་གཏད་མཛུབ་ཁྲིད་དང་ལེན་བྱས་ཏེ་སྲིད་གཞུང་གི་འཆར་གཞིའི་ནང་དངུལ་བདག་ལོགས་སུ་བཀོད་ནས་ཞིང་ཆེན་སྲིད་གཞུང་གི་སྡེ་ཚན་ཁག་དང་ཞིང་ཆེན་ཡོངས་ཀྱི་ཁུལ(ས་ཁུལ་དང་གྲོང་ཁྱེར)ཁག་གི་ལས་སྒོ་བར་འབྲེལ་བ་འཛུགས་དགོས།

  དེའི་ལས་འགན་གཙོ་བོ་ནི། 

(གཅིག)དབང་པོ་སྐྱོན་ཅན་གྱི་བསམ་འཆར་ཉན་པ་དང་། དབང་པོ་སྐྱོན་ཅན་གྱི་དགོས་མཁོ་མཚོན་པ། དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་དགོས།
  (གཉིས)དབང་པོ་སྐྱོན་ཅན་ལ་ཁྲིམས་ལུགས་བརྩི་སྲུང་དང་། དགོས་ངེས་ཀྱི་འོས་འགན་སྒྲུབ་པ། སྤྲོ་སྣང་ཡར་བརྩོན་གྱི་སྙིང་སྟོབས་དང་། རང་བརྩི། རང་རྟོན། རང་འབད། རང་ཚུགས་ཀྱི་མི་གཞི་དར་སྤེལ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སློབ་གསོ་རྒྱག་དགོས།

(གསུམ)མི་ཆོས་རིང་ལུགས་དར་སྤེལ་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་དྲིལ་སྒྲོག  སྲིད་གཞུང་དང་། སྤྱི་ཚོགས། དབང་པོ་སྐྱོན་ཅན་བར་གྱི་འབྲེལ་བ་འབྲེལ་མཐུད་བཅས་བྱས་ཏེ་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག སེམས་ཁུར། རོགས་རམ་བཅས་ལ་སྐུལ་སློང་བྱ་དགོས། 

(བཞི)སྲིད་གཞུང་ལ་གཞོགས་འདེགས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་ཁྲིམས་སྲོལ་དང་། སྒྲིག་སྲོལ། འཆར་འགོད། བྱ་ཐབས་བཅས་ཞིབ་འཇུག་དང་ལག་བསྟར། འབྲེལ་ཡོད་ཀྱི་ལས་སྒོའི་ཁྱབ་ཁོངས་ལ་མཛུབ་ཁྲིད་དང་དོ་དམ་བྱ་དགོས།
  (ལྔ)དབང་པོ་སྐྱོན་ཅན་གྱི་ལུས་གསོ་དང་། དམིགས་བསལ་སྤྱོད་ཆས་མཁོ་སྤྲོད། སྤྱི་ཚོགས་ཀྱི་ཕན་བདེ། སྡེ་ཁུལ་གྱི་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་བའི་འགན་དང་། འབྲེལ་ཡོད་ཀྱི་ལུས་གསོའི་རྣམ་གྲངས་ལག་ལེན་བསྟར་བར་སྒྲིག་འཛུགས་བྱས་ནས་དབང་པོ་སྐྱོན་ཤོར་རིགས་སྔོན་འགོག་དང་དབང་པོ་སྐྱོན་ཅན་འདྲ་མཉམ་གྱི་སྒོ་ནས་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་པར་རོགས་སྐྱོར་བྱ་བའི་འགན་ཡོད།

(དྲུག)སློབ་གསོའི་སྡེ་ཚན་ལ་གཞོགས་འདེགས་ཀྱིས་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་ལས་དོན་སྒྲིག་འཛུགས་ལག་བསྟར་དང་། དབང་པོ་སྐྱོན་ཅན་གྱི་ལས་རིགས་ལག་རྩལ་སློབ་གསོ་དང་སྦྱོང་བརྡར་ལས་ཀ་སྒྲུབ་པའི་འགན། དབང་པོ་སྐྱོན་ཅན་གྱི་དམིགས་བསལ་སློབ་གསོ་དང་དར་མའི་སློབ་གསོ་གོང་འཕེལ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ཚན་རིག་དང་རིག་གནས་བྱང་ཚད་མཐོ་རུ་གཏོང་བའི་འགན་བཅས་ཡོད། 

(བདུན)དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་ལས་དོན་ལ་མཛུབ་ཁྲིད་དང་། སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཞིང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་དབུལ་སྐྱོར་འཆར་འགོད་ཇུས་བཟོ་བ་དང་སྒྲིག་འཛུགས་མཐུན་སྦྱོར་ལས་ཀའི་འགན་དང་། དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ཞབས་ཞུ(ཕན་བདེ)ཁེ་ལས་ལ་མཛུབ་ཁྲིད་དོ་དམ་བྱ་བའི་འགན་ཡོད།
  (བརྒྱད)ཁྲིམས་འཛིན་སྡེ་ཚན་ལ་གཞོགས་འདེགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཁྲིམས་ལུགས་འཛུགས་སྐྱོང་ཡག་པོ་བྱས་ཏེ་དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་དང་ཁྲིམས་ལུགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།     (དགུ)གྲོང་ཁྱེར་འཛུགས་སྐྲུན་དང་འཆར་འགོད་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་གྲོང་ཁྱེར་གྱི་འགྲོ་ལམ་དང་སྤྱི་པའི་ཨར་སྐྲུན་གྱི་གེགས་མེད་སྒྲིག་བཀོད་འཛུགས་སྐྲུན་བྱ་བ་སྒྲིག་འཛུགས་དང་ལག་བསྟར།  ཤེས་དཔལ་ལྡན་ཞིང་གེགས་མེད་འཚོ་བའི་ཁོར་ཡུག་ཅིག་སྐྲུན་པར་ལྟ་སྐུལ་ཞིབ་བཤེར་བྱ་དགོས།
  (བཅུ)དྲིལ་སྒྲོག་དང་། རིག་གནས། ལུས་རྩལ་སོགས་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ཐུན་མོང་ཐོག་དབང་པོ་སྐྱོན་ཅན་དྲིལ་སྒྲོག་དང་། རིག་གནས། ལུས་རྩལ་བཅས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཀྱི་འགན་ཡོད།
  (བཅུ་གཅིག)ཞིང་ཆེན་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ལས་དོན་མཐུན་སྦྱོར་ཨུ་ལྷན་གྱི་རྒྱུན་ལྡན་ལས་ཀ་སྒྲུབ་པའི་འགན་དང་། ཕྱོགས་བསྡུས་དང་། སྒྲིག་འཛུགས། མཐུན་སྦྱོར། ཞབས་ཞུ་བཅས་ཀྱི་ལས་ཀ་བསྒྲུབ་པའི་འགན་འཁུར་དགོས། 

(བཅུ་གཉིས)དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་ཚོགས་པ་ཁག་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས།

(བཅུ་གསུམ)དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཐད་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་བྱ་བའི་འགན་འཁུར་དགོས།

(བཅུ་བཞི)ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་པའི་འགན་ཡོད། གོང་གསལ་གྱི་ལས་ཀའི་འགན་འཁྲི་གཞིར་བཟུང་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཁུངས་ནང་སྡེ་ཚན་དང་ལས་ཁུངས་ཀྱི་ཏང་ཨུད6བཙུགས་ཡོད་དེ། 

(གཅིག)གཞུང་ལས་ཁང་། (ཞིང་ཆེན་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ)ལས་ཁུངས་ཀྱི་སྲིད་དོན་དང་ལས་དོན་ཕྱོགས་བསྡུས་མཐུན་སྦྱོར་གྱི་འགན་བསྒྲུབ་དགོས། ཞིང་ཆེན་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ལས་དོན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ། ལས་འཛིན་ལྷན་ཚོགས་བཅས་ཀྱིས་སྐོང་ཚོགས་བྱས་པའི་ཚོགས་འདུ་སྣ་ཚོགས་རྩ་འཛུགས་དང་བཀོད་སྒྲིག  གྲོས་ཐག་བཅད་པའི་དོན་གནད་ལ་ལྟ་སྐུལ་བྱ་བའི་འགན་འཁུར་དགོས། ཆ་འཕྲིན་དང་། བསྡོམས་རྩིས། དྲུང་ཡིག  ཡིག་ཚགས། གསང་གནད་དང་གསང་བ། སྲུང་སྐྱོབ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།  ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་སྒྲིག་གཞིའི་སྒྲིག་ལུགས་དང་། མི་དོན། ངལ་རྩོལ་པ་དང་གླ་ཕོགས། ལས་ཀ་བཅས་ཀྱི་འགན་འཁུར་དགོས། དབང་པོ་སྐྱོན་ཅན་གྱི་ཕན་བདེའི་ཐེབས་རྩ་དོ་དམ་དང་། མ་དངུལ་བསྡུ་སློང་དང་བེད་སྤྱོད་ཀྱི་འཆར་གཞི་བཟོ་འགོད་བྱ་བ་དང་། ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་གྱི་བྱ་བའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་བྱ་བ་བཅས་སྒྲུབ་པའི་འགན་འཁུར་དགོས།

འབྲེལ་གཏུག་ཁ་པར། 0971-7176665

(གཉིས)ཁེ་དབང་སྲུང་སྐྱོང་པུའུ།

 འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་བའི་སྐོར་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་འཆར་ཟིན་ཞིབ་འཇུག་ཐོག་འདོན་པའི་འགན་དང་།  འབྲེལ་ཡོད་ཕྱོགས་ལ་གཞོགས་འདེགས་བྱས་ཏེ་ཁྲིམས་སྲོལ་དང་སྒྲིག་སྲོལ་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱ་བའི་འགན།  མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་ཡོད་དབང་པོ་སྐྱོན་ཅན་སྐོར་གྱི་གྲོས་གཞི་དང་གྲོས་གཞི་ཐག་གཅོད་པར་གཞོགས་འདེགས་དང་།  འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ལས་ཀ་ལེགས་པར་བསྒྲུབས་ཏེ་དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་དང་ཞབས་ཞུ་འདོན་པའི་འགན།  དབང་པོ་སྐྱོན་ཅན་གྱིས་ཡི་གེ་གཏོང་བ་དང་འཚམས་འདྲིར་ཕེབས་པའི་ལས་ཀའི་འགན་དང་། གྲོང་ཁྱེར་གྱི་གེགས་མེད་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་ལེགས་པར་བསྒྲུབ་པའི་འགན་བཅས་འཁུར་དགོས།
  འབྲེལ་གཏུག་ཁ་པར། 0971-7176681

(གསུམ།)རྩ་འཛུགས་འབྲེལ་གཏུག་པུའུ།

དབང་པོ་སྐྱོན་ཅན་རྩ་འཛུགས་རང་སྟེང་གི་འཛུགས་སྐྱོང་ལས་འགན་འཁུར་དགོས།  ཁུལ་(ས་ཁུལ་དང་གྲོང་ཁྱེར་)ཏང་ཨུར་རོགས་རམ་བྱས་ནས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་པར་དོ་དམ་བྱ་བའི་འགན།  ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་པར་གསོ་སྦྱོང་བྱ་བའི་འགན་འཁུར་དགོས། དབང་པོ་སྐྱོན་ཅན་གྱི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་དོ་དམ་དང་གཤམ་སྤྲོད། དབང་པོ་སྐྱོན་ཅན་ལ་འབྲེལ་གཏུག་དང་། སློབ་གསོ། གསོ་སྐྱོང་། གཟེངས་བསྟོད་བཅས་བྱ་བའི་འགན།  གཞི་རིམ་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྱོང་དང་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱེད་རྒྱུ། གཞི་རིམ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཛུབ་ཁྲིད་དང་། ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔྱད་མོལ་ཨུ་ཡོན་ལྷན་ཁང་དང་དབང་པོ་སྐྱོན་ཅན་གྱི་ཆེད་གཉེར་མཐུན་ཚོགས་སྣ་ཚོགས་ཀྱི་རྒྱུན་ལྡན་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

 འབྲེལ་གཏུག་ཁ་པར། 0971-7176676

(བཞི)ལུས་གསོའི་པུའུ། (མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ལས་དོན་གཞུང་ལས་ཁང་། )

 དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ལས་དོན་གྱི་འཆར་གཞི་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱ་བའི་འགན། དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ལས་ཁུངས་ཀྱི་ལས་སྒོའི་ལས་ཀར་ཁྲིད་སྟོན་དང་མཐུན་སྦྱོར་བྱ་བའི་འགན། དབང་པོ་སྐྱོན་ཅན་གྱི་སྤྱོད་ཆས་དང་སྤྱོད་ཆས་ཚོང་ར་གསོ་སྐྱོང་དང་ལྟ་སྐུལ་གྱི་འགན་བཅས་འཁུར་དགོས། ཚན་རྩལ་མཐོ་གསར་གྱི་གྲུབ་འབྲས་དག་ལུས་གསོའི་ཁྱབ་ཁོངས་སུ་བཀོལ་སྤྱོད་ཁྱབ་སྤེལ་གཏོང་བ་དང་། དབང་པོར་སྐྱོན་མི་ཡོང་སྔོན་འགོག་དང་། དབང་པོ་སྐྱོན་ཅན་གྱི་ལུས་གསོའི་མཐུན་ཚོགས་ཀྱི་ལས་ཀར་སློབ་སྟོན་དང་རིག་གཞུང་སྤེལ་རེས་བྱ་བའི་འགན།  ལུས་གསོའི་གསོ་སྐྱོང་སྦྱོང་བརྡར་བྱ་བ་སྒྲིག་འཛུགས་བྱ་བའི་འགན་བཅས་འཁུར་དགོས།

 འབྲེལ་གཏུག་ཁ་པར། 0971-7176672

(ལྔ།)སློབ་གསོ་དང་ལས་ཞུགས་པུའུ།
  འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་ཀྱིས་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་ལས་ཀའི་འཆར་གཞི་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱ་བའི་འགན་དང་། དབང་པོ་སྐྱོན་ཅན་གྱི་སློབ་གསོར་སྐུལ་སྤེལ་དང་དབང་པོ་སྐྱོན་ཅན་ལས་རིགས་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་སྤེལ་བའི་འགན། ལོང་ཡིག་དང་། ལག་བརྡ། ལོང་བའི་གློག་ཀླད་བཅས་ཁྱབ་གདལ་དུ་གཏོང་བའི་འགན་བཅས་འཁུར་དགོས། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་འཆར་འགོད་དང་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་ཀྱི་འགན་དང་། དབང་པོ་སྐྱོན་ཅན་རྩ་འཛུགས་ཀྱིས་ཕན་བདེའི་ཁེ་ལས་འཛུགས་གཉེར་ལ་ཁྲིད་སྟོན་བྱས་ཏེ་དབང་པོ་སྐྱོན་ཅན་ལས་ཀར་ཞུགས་པར་རོགས་རམ་བྱ་བའི་འགན། དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ཞབས་ཞུའི་དྲ་བ་འཛུགས་སྐྲུན་དང་ལས་སྒོར་ཁྲིད་སྟོན་བྱེད་པའི་འགན། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་དབུལ་སྐྱོར་སྒྲིག་འཛུགས་ལག་བསྟར་དང་། འབྲེལ་ཡོད་སྡེ་ཁག་ལ་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལས་དོན་སྤེལ་བར་གཞོགས་འདེགས་བྱ་བའི་འགན་བཅས་འཁུར་དགོས།

འབྲེལ་གཏུག་ཁ་པར། 0971-7176674

(དྲུག)དྲིལ་བསྒྲགས་རིག་གནས་ལུས་རྩལ་པུའུ།
  དབང་པོ་སྐྱོན་ཅན་གྱི་བྱ་གཞག་དྲིལ་སྒྲོག་དང་རིག་གནས་ལུས་རྩལ་ལས་དོན་གྱི་འཆར་གཞི་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱ་བའི་འགན་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་བའི་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱ་བ། འབྲེལ་ཡོད་སྡེ་ཁག་ལ་རོགས་རམ་བྱས་ཏེ་དབང་པོ་སྐྱོན་ཅན་ལ་ཆེད་མཁོའི་ཀློག་དེབ་དང་བསམ་པའི་རིག་གནས་ཐོན་རྫས་འདོན་སྤྲོད་བྱ་བའི་འགན།  དབང་པོ་སྐྱོན་ཅན་གྱི་རིག་གནས་དང་སྒྱུ་རྩལ་བྱེད་སྒོ་སྒྲིག་འཛུགས་ཐོག་སྤེལ་བའི་འགན། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་དོ་དམ་དང་འཕེལ་རྒྱས་གཏོང་བའི་འགན།  “མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་མཐུན་ཚོགས”དང“མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གསར་འགྱུར་དྲིལ་བསྒྲགས་སྐུལ་གཏོང་ཚོགས་པའི”རྒྱུན་ལྡན་གྱི་ལས་ཀ་དང་། ཕྱི་ཕྱོགས་མཉམ་ལས་དང་སྤེལ་རེས་བཅས་ཀྱི་འགན་འཁུར་དགོས། 
  འབྲེལ་གཏུག་ཁ་པར། 0971-7176680
 

(བདུན།)ལས་ཁུངས་ཀྱི་ཏང་ཨུད།
  ལས་ཁུངས་དང་དེའི་ཐད་གཏོགས་དོན་ལས་སྡེ་ཚན་གྱི་ཏང་གི་འཛུགས་སྐྲུན་དང་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་འགན་དང་། ལས་ཁུངས་ནང་གི་བཟོ་པ་དང་། གཞོན་ནུ། བུད་མེད་བཅས་ཀྱི་ལས་ཀར་འགོ་ཁྲིད་བྱ་བའི་འགན་བཅས་འཁུར་དགོས།

 འབྲེལ་གཏུག་ཁ་པར། 0971-7176678
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།