མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་དཔེ་སྟོན་བྱེད་སའི་ལྟ་སྦྱོང་ཚོགས་འདུ་མཚོ་བྱང་དུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་སྔོན་བསུ་བྱེད་ཆེད། ཟླ9པའི་ཚེས19ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་བྱང་ཁུལ་ཏང་ཨུ་དང་མཚོ་བྱང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བསྒྲུབས་འགན་ཁུར་པའི་ཞིང་ཆེན་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་དཔེ་སྟོན་བྱེད་སའི་ལྟ་སྦྱོང་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་བསྡུས། ལྟ་སྦྱོང་ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཐེངས་བདུན་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་དཔེ་སྟོན་བྱེད་སའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། གནད་གཅིག་གིས་ཕྱོགས་ཡོངས་ལ་སྣེ་ཁྲིད་བྱེད་པར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཐེངས་འདིའི་ལྟ་སྦྱོང་ཚོགས་འདུའི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་མང་ལ། དེའི་ནང་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་བ་དང་། སྤྱོད་གཙང་རིག་གནས་འཛུགས་སྐྲུན་དཔེ་སྟོན་བྱེད་སར་ལྟ་སྦྱོང་བྱེད་པ། སྤྱོད་གཙང་རིག་གནས་སྡེ་བར་བསྐྱོད་པའི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱེད་པ། ན་གཞོན་ལས་བྱེད་པའི་སྤྱོད་གཙང་ཁྱིམ་བདག་གྲོས་ཚོགས་ལ་ཉན་པ། སྤྱོད་གཙང་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ལ་ལྟ་སྦྱོང་བྱེད་པ། བརྗེ་རེས་བགྲོ་གླེང་ཚོགས་འདུ་བསྡུ་བ། རྡུལ་ཕྲན་མཁར་གྲོང་རྗེས་དྲན་ཁང་ལ་ལྟ་སྐོར་བྱེད་པ། ཉེ་བའི་ལོ་འགའི་རིང་གི་རང་ཞིང་གི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་དང་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱེད་པ། གྲོང་ཁྱེར་དང་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བར་དུ་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་སློབ་སྦྱོང་བྱེད་པ། སྤྱོད་གཙང་གི་འདུ་ཤེས་དང་སྒྲིག་ལམ་འདུ་ཤེས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་བ། སྤྱོད་གཙང་རིག་གནས་འཛུགས་སྐྲུན་བཟང་བོ་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ཧུར་ཐག་གིས་བསྐྲུན་པ་བཅས་འདུ།

གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣ་སོགས་ལྟ་སྦྱོང་ཚོགས་འདུར་ཞུགས། ཚང་མས་ལང་ལོང་གིས་བསྟན་དོན། ཐེངས་འདིའི་ལྟ་སྦྱོང་ཚོགས་འདུས་ཞིང་ཆེན་ཡོངས་ཀྱི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས་གཏོང་བ། འཚོལ་ཞིབ་བཟང་བོ་བྱེད་པ་དང་བདེན་སྲུང་གསར་གཏོད་བྱེད་པ། མཉམ་འཛིན་མཉམ་སྡོམ་བྱེད་པ་དང་སྦྲེལ་མཐུད་མཉམ་ལས་བྱེད་པ། ས་ཆ་སོ་སོས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སྤྱི་སྡོམ་སློབ་སྦྱོང་དང་སྐྱོན་སྤངས་དགེ་སྒྲུབ་བྱེད་པ། དུས་རབས་གསར་བའི་སྤྱོད་གཙང་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། སྤྱོད་གཙང་རིག་གནས་དེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་ཐོབ་པར་བྱེད་པ། དུས་རབས་གསར་བའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ཆེན་པོ་བསྡུ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།