མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་ཞིང་ཆེན་ཏང་ཨུའི་ལས་དོན་ཨུ་ལྷན་གསར་པ་གཉིས་ཀྱིས《ཞིང་ཆེན་ཡོངས་ཀྱི་ཆགས་སྤྱོད་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་འགན་འཁུར་བའི་འོས་མིར་ཞིབ་བཤེར་གཏན་འབེབས་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)བཏོན་ནས་ཆབ་སྲིད་ཀྱི་ཚད་གཞི་ནན་པོ་བཟོ་བ་དང་། འོས་མིར་ཞིབ་བཤེར་གཏན་འབེབས་ཚད་ལྡན་བཟོ་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེདས་ནས་ཞིང་ཆེན་ཡོངས་ཀྱི་ཆགས་སྤྱོད་ལས་རིགས་ཚོང་ཚོགས་དང་མཐུན་ཚོགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད།
《བྱེད་ཐབས》ནང་ཞིང་ཆེན་ཡོངས་ཀྱི་རང་བཞིན་གྱི་ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས་བཙུགས་ནས་ཐོ་འགོད་བྱེད་་པ་དང་། སྐབས་བརྗེའི་འདེམས་བསྐོ། སྐབས་རིང་ལེགས་སྒྲིག་བཅས་བྱེད་སྐབས་ལས་འཛིན་འགོ་འཛིན(ཚོགས་གཙོ)དང་། ལས་འཛིན་དཔོན་གཞོན་པ(ཚོགས་གཙོ་གཞོན་པ)དྲུང་ཡིག་ཆེན་མོ་སོགས་ཀྱི་ལས་གནས་ཐོག་གི་མི་སྣ་ཞིབ་བཤེར་བྱེད་ཡུལ་དུ་བརྩི་རྒྱུ་དང་། འགན་འཁུར་བའི་འོས་མིར་ཞིབ་བཤེར་གཏན་འབེབས་བྱེད་དགོས། ཞིབ་བཤེར་གཏན་འབེབས་བྱེད་མེད་པའམ་ཡང་ན་ཞིབ་བཤེར་ཆོག་མཆན་མ་ཐོབ་པའི་འགན་འཁུར་བའི་འོས་མིར་དམངས་གཙོ་ཡིས་འདེམས་བསྐོ་དང་གདན་བསྐོ་སོགས་ཀྱི་གོ་རིམ་ལག་བསྟར་བྱེད་མི་ཆོག་པ་ཁ་གསལ་བཏོན། དེ་དང་ཆབས་ཅིག་འགན་འཁུར་བའི་འོས་མིས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། མི་སྒེར་གྱི་སྤྱི་ཚོགས་ཡིད་རྟོན་ཟིན་ཐོ་ཡག་པོ་ཡོད་པ། དེ་མཚུངས་ཀྱི་ཆེད་ལས་ནུས་པ་ལྡན་པ། ལོ་ཚད་དང་མཐུན་པ། རྒྱུན་གཏན་ལྟར་འགན་འཁྲི་སྒྲུབ་ཐུབ་པ་སོགས་ཀྱི་གཞི་རྩའི་ཆ་རྐྱེན་སྐོང་དགོས་པའི་བླང་བྱ་བཏོན་པ་མ་ཟད། ད་དུང་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་འགན་འཁུར་བའི་འོས་མིར་བརྩི་མི་ཆོག་པའི་གནས་ཚུལ་ཁ་གསལ་བཏོན།
《བྱེད་ཐབས》ནང་ཞིང་ཆེན་དམངས་སྲིད་ཐིང་དུ་ཐོ་འགོད་བྱེད་སྐབས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཐག་ཆད་པ་དང་ཐད་ཀར་ཐོ་འགོད་བྱས་པའི་ལས་རིགས་མཐུན་ཚོགས་དང་། ཚོང་ཚོགས་ནི་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ལས་རིགས(ཕྱོགས་བསྡུས)ཀྱི་ཏང་ཨུས་ཐོག་མའི་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་རྒྱུ་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་བསྐྱར་ཞིབ་བྱ་རྒྱུ་དང་། དོ་དམ་ཉིས་བརྩེགས་བྱེད་པའི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ནི་ལས་སྒོ་གཙོ་སྐྱོང་ཚན་པའམ་ཡང་ན་ལས་རིགས་དོ་དམ་སྡེ་ཚན་གྱི་ཏང་ཙུའུ(ཏང་ཨུ)ཡིས་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་འགན་འཁུར་རྒྱུ་ཁ་གསལ་བཟོས་ཏེ་ཞིང་ཆེན་ཨུ་ལྷན་གྱི་སྤྱི་ཚོགས་ལས་དོན་པུའུ་ལ་ཐོ་འགོད་སྙན་སེང་ཞུ་དགོས། ཞིབ་དཔྱད་བྱེད་སྐབས“གཙོ་གནད་མི་སྣར་གཙོ་བོར་ཞིབ་དཔྱད་བྱེད་པའི”རྩ་དོན་གཞིར་བཟུང་། ཡུལ་དངོས་སུ་ཞིབ་དཔྱད་བྱེད་པ་དང་། ཡིག་ཐོག་ནས་ཞིབ་དཔྱད་བྱེད་པ། དཔྱད་གཞིར་ཞིབ་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྒྲིག་འཛུགས་བྱེད་རྒྱུ་རེད། དུས་བཀག་ལྟར་ཡོངས་བསྒྲགས་བྱས་རྗེས་གཏན་འབེབས་ལྟར་འདེམས་བསྐོ་བྱ་རྒྱུ་མ་ཟད་འདེམས་བསྐོའི་འབྲས་བུ་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་། ཐོག་མའི་ཞིབ་བཤེར་འགན་འཁྲི་ཚན་པ། ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུའུ་བཅས་ལ་ཐོ་འགོད་བྱེད་རྒྱུར་སྐྱེལ་དགོས་ཀྱི་ཡོད།
《བྱེད་ཐབས》ནང་ཞིབ་བཤེར་གཏན་འབེབས་བྱེད་པའི་བརྒྱུད་རིམ་ཁྲོད་ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས་ཀྱི་འགན་འཁུར་བའི་འོས་མིར་རེ་ཞུའི་དཔྱད་ཡིག་རྫུན་ཞུ་དང་རྫུན་ཞུ་བྱེད་པ་དང་། ཁས་ལེན་རྫུས་མ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོད་པའམ་ཡང་ན་ཡོངས་བསྒྲགས་བྱེད་རིང་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཡོད་པ་མ་ཟད། ད་དུང་རྩད་ཆོད་མཐའ་གསལ་བྱུང་རིགས་ལ་དམངས་གཙོ་འདེམས་བསྐོའི་ནང་ཞུགས་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་། ཞིབ་བཤེར་གཏན་འབེབས་འགན་འཁྲི་ཚན་པའི་ལས་དོན་མི་སྣས་བྱེད་ཐབས་འདི་གཞིར་བཟུང་ཞིབ་བཤེར་གཏན་འབེབས་ཀྱི་འགན་འཁྲི་མི་འཁུར་བའམ་ཡང་ན་འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་བ་དང་ཉེས་གསོག་གི་དོགས་པ་ཡོད་ཚེ་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུར་ཁྲིམས་ལྟར་རྩིས་སྤྲོད་བྱེད་དགོས་པའི་བླང་བྱེད་བཏོན་ཡོད།