ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ8པའི་ཚེས29ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས། གཅིག་ཅན་བཅུ་ཡི་སྤྱིའི་རེ་བ་ལག་བསྟར་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་ཚོགས་འདུར་ཞུགས་ནས་བསམ་ཚུལ་ལ་ཉན་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་གིས་མགོ་འཛིན་བྱས།

ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་ཡིས་སྔོན་དུས་ཀྱི་རྟོག་ཞིབ་སྙན་ཞུ་ཕུལ། ཚའོ་ཞོ་དང་ཝུའུ་ཅན་ཅུན། མོ་ཡུས་ཆིན། ལིའུ་ཝུན་ཡུས། མན་ཀྲི་ཧྥང་བཅས་ཨུ་ཡོན་ལྔས་ཟུར་ངོས་མི་འདྲ་བ་དང་རིམ་པ་མི་འདྲ་ས་ནས་བརྗེ་རེས་གཏམ་བཤད་བྱས། ཨུ་ཡོན་ཚོས་རང་ཞིང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ཀྱི་ངེས་གནས་ལ་རྒྱུས་ལོན་ཡང་དག་བྱས་ཤིང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུ་ཡི་བྱ་བའི་རེ་བ་ཕྱིར་བཏོན་པ་དང་། བྱ་བའི་རྐྱེན་སྲོལ་བཅུགས་ཤིང་འཐུས་ཚང་དུ་བཏང་ལ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་རང་འགུལ་གྱིས་ཁག་ཁུར་བྱས་པ་དང་བདེན་འཛིན་དངོས་སྒྲུབ་བྱས་པས། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་ཡིད་ཚིམ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་བ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་ནས་ཡར་ཐོན་མངོན་གསལ་བྱུང་ཟེར། ཨུ་ཡོན་ཚོས་བདེ་འཇགས་ཆེན་པོའི་འདུ་ཤེས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་སྲ་བརྟན་དུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་མི་ཚང་མ་བདེ་འཇགས་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། བདེ་འཇགས་ཀྱི་གྲུབ་འབྲས་མི་ཚང་མས་མཉམ་སྤྱོད་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་རྒྱུ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་སྲོལ་ཡིག་གི་ཁྲིམས་འཛུགས་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་ནས། བདེ་འཇགས་འཛུགས་སྐྲུན་གྱི་ཁྲིམས་སྲོལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་རིག་སྟོབས་བདེ་འཇགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་རིམ་པའི་ངོས་ནས་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྡེ་ཁག་བརྒལ་ནས་ཆ་འཕྲིན་མཉམ་སྤྱོད་ཀྱི་རྐྱེན་སྲོལ་འཛུགས་རྒྱུ། བྱེད་ཐབས་སྔར་ལས་ནན་མོས་ལས་རིགས་ཀྱི་གཙོ་གཉེར་འགན་འཁྲི་ལག་བསྟར་བྱས་ནས། རང་རྟོགས་སྒོས་ཁྱབ་ཁོངས་བགོ་བ་དང་མ་ལག་བགོ་བ། ལས་རིགས་བགོས་ནས་འགན་འཁྲི་བརྟན་སྲུང་བྱེད་རྒྱུ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་བྱ་བ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་ཏེ། དངོས་ཕུང་ཅན་གྱི་འཁོར་རྒྱུག་ནུས་པ་མཐོར་འདེགས་གཏོང་རྒྱུ་བཅས་ཀྱི་གྲོས་གཞི་བཏོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ལན་འདེབས་གཏམ་བཤད་སྤེལ།

ལིས་ཧུང་ཡས་བརྗོད་གཞི་གནད་ཁེལ་གྱིས་བདམས་པ་དང་གྲ་སྒྲིག་ཚགས་སུ་ཆུད་པ། རྟོག་ཞིབ་ཟབ་མོ་བྱས་པ། དངོས་གཉེར་གྲོས་གཞི་བཏོན་པ་བཅས་ཕྱོགས་བཞིའི་ཐད་ནས་ཟླ་གཉིས་ཀྱི་གྲོས་མོལ་ཐད་གདེང་འཇོག་མཐོན་པོ་བྱས་པ་དང་། ཨུ་ཡོན་གྱིས་སེམས་ཁྲལ་བྱེད་པའི་གནད་དོན་ལ་ཁ་གཏད་དེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བའི་སྤྱིའི་གནས་བབ་དང་བྱ་བ་གཙོ་བོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཁོངས་གཏོགས་སྡེ་ཁག་གིས་གྲོས་མོལ་གྲུབ་འབྲས་བསྒྱུར་བ་དང་ལག་བསྟར་བྱེད་པའི་ཐད་ནས་གྲོས་གཞི་ཞིབ་མོ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མཚོ་སྔོན་ནི་ཞིན་ཅང་དང་བོད་འབྲེལ་ས་ཁུལ་གཏན་འཇགས་སུ་གཏོང་བའི་འཐབ་ཇུས་ས་ཆ་གལ་ཆེན་ཡིན་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་སྲུང་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེ། ཐེངས་འདིའི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་གྲོས་གཞི་ཧ་ཅང་གལ་ཆེ་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱེད་ཐབས་དངོས་ཡིན་ལ། ཕྱོགས་སོ་སོའི་བྱ་བ་བརྟན་བརླིང་དང་ཕན་པ་ལྡན་པའི་ངང་སྤེལ་བས། ཇུས་འབུལ་རྒྱལ་སྐྱོང་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། མི་དམངས་སྲིད་གྲོས་ཀྱི་འབྲེལ་འདྲིས་རྒྱ་ཆེ་བ་དང་འཇོན་མི་གཅིག་སྡུད། རིག་ནུས་ཀྱི་རྨང་གཞི་མཐུག་པའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་རྒྱུན་མཐུད་ངང་གྲོས་མོལ་སྲིད་གླེང་དང་བློ་འདོན་ཇུས་འབུལ་བྱས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་སེམས་ཤུགས་གཅིག་སྡུད་བྱེད་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།