ཟླ8པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་ཏེ་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། མདེལ་གཉིས་སྐར་གཅིག་བྱས་རྗེས་གཟེངས་རྟགས་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་སུན་ཅ་ཏུང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གཉིས་ཀྱིས་གཏམ་བཤད།
སུན་ཅ་ཏུང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཚོགས་འདུ་བསྡུས་པར་རྟེན་འབྲེལ་ཞུས། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། མཚོ་སྔོན་ནི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་གསོ་སྐྱོང་བྱེད་སའི་གྲས་ཀྱི་གཅིག་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགོ་ཁྲིད་འོག་དང་། རྒྱལ་ཡོངས་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་མཉམ་ལས་ཆེན་པོའི་འོག རྒྱ་ཆེའི་ཚན་རིག་ཞིབ་འཇུག་མི་སྣས་མཐོ་སྒང་དུ་རྐང་བཙུགས་ནས། ཀྲུང་གོའི་རྩེར་སོན་གྱི་རྒྱལ་སྲུང་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་བསྐྲུན་པ་དང་། རླབས་ཆེ་བའི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་གསོ་སྐྱོང་བྱས། ང་རང་རླབས་ཆེན་གྱི་ལས་དོན་དེའི་ཁྲོད་ཞུགས་ཐུབ་པ་དང་། སྙིང་སྟོབས་དེ་ཉམས་ལེན་བྱེད་ཐུབ་པ་བྱུང་བར་དགའ་སྤྲོ་ཆེན་པོས་བརྟས་ཡོད། སྙིང་སྟོབས་དེ་འདྲ་དང་སྟོབས་ཤུགས་དེ་འདྲ་ཡོད་པའི་དབང་གིས། ང་ཚོ་ཀྲུང་ཧྭ་མི་རིགས་ད་གཟོད་འཛམ་གླིང་གི་མི་རིགས་ཁྲོད་ཀྲོང་ངེར་འགྱིང་ཐུབ་པ་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་དུ་དམིགས་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་འཐབ་ཇུས་བྱེད་ཐབས་ཕྱིར་བཏོན། དུས་རབས་གསར་པའི་སྐྱོད་ལམ་གསར་པར། ཁྱེད་ཚོས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་དེ་བརྗོད་དོན་དུ་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། དེ་ནི་ང་ཚོ་ཐུན་མོང་གི་རེ་འདུན་ཡིན་ལ། ཚང་མའི་ཐུན་མོང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཡང་ཡིན་པས། སྐུ་མགྲོན་ཚོས་བརྗེ་རེས་དང་གྲོས་སྡུར་ཟབ་མོ་བྱེད་པ་དང་། བློ་འདོན་ཇུས་འབུལ་བྱེད་པ། མདེལ་གཉིས་སྐར་གཅིག་ལས་དོན་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ། མདེལ་གཉིས་སྐར་གཅིག་སྙིང་སྟོབས་དེ་འཛད་མཐའ་མེད་པའི་དངོས་པོའི་གསར་སྐྲུན་ནུས་ཤུགས་སུ་བསྒྱུར་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད་ཟེར།
ཨ་ཏུང་གིས་གཏམ་བཤད་སྐབས། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་བཀོད་པ་དང་གཟི་འོད་ལམ་མེར་འཚེར་ཞིང་། མི་རབས་ནས་མི་རབས་ཀྱི་ཀྲུང་གོའི་ན་གཞོན་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྐུལ་མ་བཏང་བ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་ལང་ཚོའི་སྟོབས་ཤུགས་ཕུལ་ཡོད། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་། གུང་གཞོན་ཚོགས་པས་རྒྱ་ཆེའི་ན་གཞོན་ཚོའི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱེད་པ། མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱས་ཏེ། ཕུགས་འདུན་ཡོད་པ་དང་ཁག་ཁུར་བྱེད་ཕོད་པ། དཀའ་ངལ་ལ་མི་སྐྲག་པ། འབད་འཐབ་བྱེད་ཕོད་པའི་དུས་རབས་གསར་པའི་ན་གཞོན་བཟང་བོ་བྱེད་དགོས། རྒྱ་ཆེའི་ན་གཞོན་ཚོའི་སྣེ་ཁྲིད་དེ་རྒྱལ་གཅེས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་བཏང་ནས། གཏན་ཕབ་གཉིས་ལ་སྔར་ལས་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་དགོས། དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་པ་དང་ཁག་ཁུར་བྱེད་ཕོད་པར་བྱས་ཏེ། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ་ནས་གདོང་ལེན་པ་དང་གཙོ་ཤུགས་བྱེད་དགོས། ལག་ལེན་གྱི་སྦྱོང་བརྡར་ཐེག་ཐུབ་པ་དང་དཀའ་སྤྱད་ཀྱི་བློ་རྩ་ཇེ་བརྟན་དུ་བཏང་ནས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་དུ་བྱས་རྗེས་འཇོག་པའི་ལག་ལེན་ཁྲོད་སྦྱོང་བརྡར་ཐོབ་པར་བྱེད་པ་དང་འཇོན་ནུས་སྐྱེད་དགོས། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་དཀའ་སྤྱད་འབད་འཐབ་བྱེད་ཕོད་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་ཁག་ཁུར་ཐེག་བྱེད་པའི་ལང་ཚོའི་ལེའུ་ཧུར་ཐག་གིས་བྲིས་ནས། གྲུབ་འབྲས་བཟང་བོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་བསུ་མ་དང་རྟེན་འབྲེལ་ཞུ་དགོས་ཞེས་བཤད།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཡོན་ཧྲི་དང་ཆེད་མཁས་པ་དང་། སྐུ་མགྲོན་ཡོངས་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྟོབས་ཤུགས་ཆེར་བསྐྱེད་པ་དང་། མི་དམངས་ཀྱི་སེམས་ཁོང་དུ་ནམ་ཡང་ཚོན་མདོག་མི་ཡལ་བའི་བསམ་པའི་རྡོ་རིང་བསྐྲུན། མཚོ་སྔོན་ནི་མཚོ་འཕགས་མཐོ་ས་ཡིན་ལ། བསམ་པའི་མཐོ་ས་དེ་ལས་ཀྱང་ཡིན། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་ཀྱི་མཚོ་སྔོན་མི་དམངས་ཀྱིས་རྩེར་སྙེག་རྒྱང་ལྟ་དང་རང་རྟོན་སྒོ་འབྱེད། མཐུན་སྒྲིལ་སྐྱེས་འབུལ། འབད་འཐབ་ལྷོད་མེད་བྱེད་པར་སྣེ་ཁྲིད་བྱས་པ་དང་། མཚོ་སྔོན་གྱིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བཅོས་སྒྱུར་གོང་འཕེལ་གཏོང་བར་རི་མོ་བྲིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་ཐེངས་གསུམ་ལ་གཟིགས་ཞིབ་མཛད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་མི་དམངས་ཀྱི་གཙོ་འཛིན་པར་དད་གུས་དགའ་ཞེན་བྱེད་པ། ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་རྗེས་རྒྱལ་ཡོངས་མི་དམངས་ཀྱིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་རོགས་རེས་བྱས་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་བྱེད་པ་དང་འཇོན་མིས་སྒེར་སེམས་མེད་པར་སྐྱེས་འབུལ་བྱེད་པ་བཅས་ཚང་མའི་ཐད་ནས་རླབས་ཆེན་གྱི་དུས་རབས་ལ་རླབས་ཆེན་གྱི་སྙིང་སྟོབས་མཁོ་བ་དང་། སྙིང་སྟོབས་ཡོད་ན་སྟོབས་ཤུགས་ལྡན་པ་མཚོན་ཡོད། སྐྱོད་ལམ་གསར་པར་འབད་འཐབ་ཀྱིས་བསྐྱོད་པ་དང་། མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་གསོ་སྐྱོང་བྱེད་པ་དང་དྲིན་བསམ་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་རྒྱུ་ཡིན།
བཞུགས་མོལ་ཚོགས་འདུའི་སྐབས་སུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཝང་ཆོན་ཁྲུན་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མཱ་ཧུང་ཝེ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་མཐོ་རིམ་ཚན་རིག་བློ་འདོན་པ། གླིང་གཙོ་ཟུར་པ་ཧུའུ་སི་ཏི། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་སྐྱོད་པའི་རུ་ཁག་གི་ཆེས་མཐོའི་མཁའ་སྐྱོད་པ་ཧྥེ་ཅུན་ལུང་། ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཁོངས་མི། སྤྱི་གཉེར་པ་གཞོན་པ་མཱ་ཝུན་ཅུན། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧོང་ཆིན་ཧྭ་བཅས་ཀྱིས་སོ་སོར་གཏམ་བཤད།
བརྗོད་དོན་བྱ་འགུལ་སྐབས་སུ། ན་ཆུང་གདོང་ལེན་རུ་མིས་མདེལ་གཉིས་སྐར་གཅིག་གི་བྱ་བ་སྒྲུབ་པའི་ཚན་རིག་པ་དང་བློ་མཐུན་རྒན་པ། ལས་བཟོ་པ་རྒན་པ་བཅས་ལ་མེ་ཏོག་ཕུལ་ནས་གུས་འདུད་ཞུས། ན་གཞོན་ལོ་ཆུང་གི་འཐུས་ཚབ་པས་ཡུལ་དངོས་ནས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པའི་གྲོས་འགོ་བཏོན། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་དང་། ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་བར་དུ་སོ་སོར《མཚོ་སྔོན་གྱི221ཞིབ་བཟོ་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱ་བའི་འཐབ་ཇུས་མཉམ་ལས་གྲོས་མཐུན》དང་། 《ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་ཀྱི་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན》བཀོད། མཚོ་བྱང་ཁུལ་ཏང་ཨུས་འབྲེལ་ཡོད་སྡེ་ཁག་བར་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱས་ནས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་མཉམ་སྐྲུན་བྱེད་པའི་གྲོས་མཐུན་བཀོད། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་མཚོ་བྱང་ཁུལ་ལ་ཉིང་རྡུལ་བཟོ་ལས་ཀྱི་ཚན་རྩལ་ཁྱབ་གདལ་དཔེ་དབྱིབས་བཞི་ཞལ་འདེབས་སུ་ཕུལ།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་མགོ་འཛིན་བྱས། ཞིན་ཧྭ་གསར་འགྱུར་ཁང་གི་ཏང་ཙུའུ་ཁོངས་མི། འགོ་གཙོ་གཞོན་པ་དང་རྒྱལ་ནང་པུའུ་ཡི་ཀྲུའུ་རིན། པུའུ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་བའི་ཧོ་ཞའོ་ཀོང་དང་། རྒྱལ་ཁབ་ལོ་རྒྱུས་རིག་པའི་སློབ་ཚོགས་མདེལ་གཉིས་སྐར་གཅིག་ལོ་རྒྱུས་ཞིབ་འཇུག་ཁང་གི་རྒྱུན་ལས་ལས་འཛིན་པ་གཞོན་པ། མཱ་ལན་རྟེན་གཞིའི་སྔོན་ཆད་ཀྱི་ཆབ་སྲིད་ཨུ་ཡོན། ཧྲའོ་ཅང་དམག་དཔོན་ཁུང་ལིན་ཚའེ། ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་དབྱང་ལུང་ཞི། ལིའུ་ཐུང་ཏི། ལིའུ་ཏ་ཡེ་བཅས་ཚོགས་འདུར་ཞུགས།
ཀྲུང་དབྱང་ལས་ཁུངས་དང་། ལས་བྱེད་པ་རྒན་པ་དང་ཆེད་མཁས་པ་རྒན་པ། སྤུན་ཟླ་ཞིང་ཆེན་གྱི་དྲིལ་སྒྲོག་པུའུ། རིག་གཞུང་ལས་རིགས། ཉིང་རྡུལ་བཟོ་ལས་མཁའ་སྐྱོད་ལས་རིགས། གསར་འགྱུར་སྨྱན་བྱད་ལས་རིགས། ན་གཞོན་ཏང་ཡོན་དང་གུང་གཞོན་ཚོགས་པའི་ཚོགས་མི། རྒྱལ་གཅེས་རིང་ལུགས་སློབ་གསོའི་ལས་རིགས། ཞིང་ཆེན་ནང་ཁུལ་གྱི་ལས་ཁུངས་ཀྱི་འཐུས་ཚབ་པ་སོགས་མི་ཉིས་བརྒྱ་ལྷག་བཞུགས་མོལ་ཚོགས་འདུར་ཞུགས།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།