——2024ལོའི་ཟླ1པོའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་།
ཧྲིན་ཀྲང་། ཝུའུ་ཞའོ་ཅུན།
འཐུས་མི་རྣམ་པ།
ད་ལྟ། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཁྱེད་རྣམ་པས་ཞིབ་གྲོས་གནང་རོགས། དེར་མ་ཟད་སྲིད་གྲོས་ཨུ་ཡོན་རྣམ་པ་དང་ཚོགས་ཐོག་ཏུ་ཟུར་ཞུགས་བྱས་པའི་བློ་མཐུན་རྣམ་པས་བསམ་འཆར་འདོན་རོགས།
གཅིག 2023ལོའི་བྱ་བར་ཕྱི་མིག་ལྟ་བ།
2023ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། ལོ་གསུམ་ལ་པྲོག་གསར་རིམས་ནད་འགོག་སྡོམ་བྱས་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་སུ་གཏོང་བའི་ལོ་གཅིག་ཡིན་པ་མ་ཟད། སྐབས་གསར་པའི་སྲིད་གཞུང་གིས་ཁྲིམས་ལྟར་འགན་སྒྲུབ་པའི་ལོ་མགོ་མའང་ཡིན། རྙོག་འཛིང་ཚ་ནན་གྱི་ཕྱི་རོལ་ཁོར་ཡུག་དང་ཚེགས་ཆེ་ཞིང་ཁུར་ལྕི་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་ལ་གདོང་གཏད་དེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གི་བླང་བྱ་ལྟར། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་ཁུར་ཕོད་དངོས་སྒྲུབ་སྒོས་དོན་ཐོག་ཏུ་འཁྱོལ་ཐབས་བྱས་པས། དཔལ་འབྱོར་རྦ་རླངས་ཀྱི་ཚུལ་དུ་གོང་འཕེལ་དང་ཀྱག་ཀྱོག་གི་ངང་དུ་མདུན་སྐྱོད་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་རྒྱུག་ལ་མགོ་མཐོ་བ་དང་། བར་རྒྱས་པ། མཇུག་བརྟན་པའི་རྣམ་པ་ཤར་ཡོད་ལ། སྤྱིའི་ཆ་ནས་བསྐྱར་འཕར་དང་བཟང་སྐྱེད་བྱུང་སྟེ། དམིགས་འབེན་ལས་འགན་བདེ་བླག་ཡོངས་སུ་གྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བསྡོམས་ཐང་5.3%འཕར་ཞིང་། སྡོད་དམངས་ཡོངས་ཀྱི་མི་རེའི་སྤྱོད་འཐུས་ཡོང་འབབ་5.9%འཕར། མཁར་གྲོང་གི་བརྟག་བཤེར་ལས་ཤོར་བྱུང་ཕྱོད་5.5%ཡིན་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་0.5%འཕར་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བས། འཕེལ་རྒྱས་ཀྱི་བརྟན་ལྷིང་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྔར་བས་ཇེ་དྲག་ཏུ་ཕྱིན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོས་ཡོད།
——སྐྱེ་ཁམས་སྲུང་སྐྱོབ་ལ་བྱས་འབྲས་གསར་པ་མངོན་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པའི་སྤྱིའི་འཆར་འགོད་བཏོན་ནས་ལག་ཏུ་བསྟར་ཞིང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་སྲ་བརྟན་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཁྱབ་བསྒྲགས་བྱས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་གྲབས་ཡོད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་གྲུབ་ཡོད། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་སྤེལ་བ་དང་། ཀུན་གྱི་སྔོན་ལ་རང་བྱུང་སྲུང་སྐྱོབ་ས་ཆའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་བཙུགས་པས། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་སྔོན་དུ་སྐྱོད་ཀྱིན་ཡོད། མུ་རིའི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་སྔོན་མངའ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་བ་ཕྱོགས་ཡོངས་ནས་མཇུག་བསྡུས་པ་དང་། “དཔའ་བོས་རང་ལག་གཅོད་ཕོད”ཀྱི་སྤོབས་པར་བརྟེན་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ལས་བཏོན་པའི་གནད་དོན་སྒྲིག་བཅོས་བྱེད་པར་སྐུལ་འདེད་ནན་པོ་དང་མགྱོགས་པོར་བཏང་ནས། ཟུར་ཁུག་མི་ལུས་པ་དང་སྟོང་ཆ་མི་ཤོར་བ། ལྷག་འཕྲོ་མི་འཇོག་པ་བྱས་ཡོད། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པར་གཅིག་འདོམས་བགྱིས་ཏེ། རྒྱལ་ཁོངས་མུའུ་ཁྲི་455ལྗང་སྒྱུར་དང་། བྱེ་ཐང་མུའུ་ཁྲི་146འགོག་བཅོས་དང་། ཉམས་གྱུར་རྩྭ་ཐང་མུའུ་ཁྲི་526ལེགས་སྒྱུར་བྱས་པས། ཐང་རྒོད་དུ་གྱུར་པ་དང་བྱེ་ཐང་དུ་གྱུར་པའི་ས་ཆའི་རྒྱ་ཁྱོན་གཉིས་ཀ་མར་ཆག་པ་དང་། ཡུལ་ཤུལ་གྱི་རོང་པོ་ཐང་དེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་བདེ་བླག་ངང་རེ་ཞུ་བྱས། གཙོད་དང་རྒོ་དམར་གསའ་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་ཁ་གྲངས་མུ་མཐུད་དུ་འཕེལ་བ་དང་། མཚོ་སྔོན་པོའི་གསེར་ཉ་གསོན་ཚད་ཏུན་ཁྲི་12ལ་སླར་གསོ་བྱས། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་96.6%དང་། འབྲི་ཆུ་དང་། རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཞིང་ཆེན་ཕྱིར་འབབ་པའི་བཅད་ངོས་ཆུ་སྤུས་ནི་རིགས་IIཔ་དང་དེའི་ཡན་དུ་སྲུང་འཛིན་བྱས་ཡོད་ལ། ས་ངོས་ཆུར་རྒྱལ་ཁབ་དཔྱད་ཞིབ་བྱས་པའི་བཅད་ངོས་ཆུ་སྤུས་ལེགས་པའི་བསྡུར་ཚད་མུ་མཐུད་དུ་100%སྲུང་འཛིན་བྱས་ཤིང་། ས་རྒྱུའི་ཁོར་ཡུག་དྭངས་གཙང་བརྟན་ལྷིང་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་ཞིང་གི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཐབ་ལ་དཔྱད་ཞིབ་བྱས་འབྲས་ཕུལ་བྱུང་རིམ་པར་ཡོད། གོམ་ཁ་བརྟན་པོར་ཐཱན་རྩེར་སོན་གྱི“འགུལ་སྐྱོད་ཆེན་པོ་བཅུ”ལག་བསྟར་བྱས་པ་དང་། དངུལ་རྩས“ཐཱན་རྩིས་ཁྲ”ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཛུགས་སྐྱོང་བྱས། ལག་རྩལ་སྔོན་ཐོན་དང་ལྗང་མདོག་ཐཱན་ཉུང་གི་ཁེ་ལས་སྐོར་ཞིག་ཐཱན་མེད་ཐོན་ལས་གླིང་དུ་གནས་བཅས་ཤིང་། རིག་ལྡན་ཐཱན་གཉིས་གཞི་གྲངས་ཆེན་མོའི་ལྟེ་གནས་བཙུགས་ཏེ་བྱང་བུ་བཀལ་བ་དང་། ལྗང་གློག་ཁུངས་འདེད་ཤེས་ཚོར་ལས་སྟེགས་ཐོག་མ་བསྐྲུན་ཚར་ཞིང་། ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་གྲངས་སྤྱིའི་ཕྱེད་ཀ་ལས་བརྒལ་ཡོད། མགོ་ལོག་ཁུལ་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས། དབུས་ལམ་རྫོང་བཅས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དུ་བདམས་པ་དང་། ཡུལ་ཤུལ་གྲོང་ཁྱེར་དང་འབའ་རྫོང་གཉིས་རྒྱལ་ཡོངས་ཀྱི་“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞིར་གྱུར། “ཀྲུང་ཧྭའི་ཆུ་གཏེར”བརྟན་ཞིང་འབེལ་བ་དང་། རི་ཆུ་སྔོན་མོ་སྔར་བས་དག་གཙང་དུ་གྱུར་པས། མཐོ་སྒང་འཛིན་མའི་ཁྱོན་ལ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དགའ་བདེའི་རྣམ་པར་ཤར་ཡོད།
——དཔལ་འབྱོར་འཁོར་རྒྱུག་ལས་རྣམ་པ་གསར་མངོན་ཡོད། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྩོལ་བའི་“དཔྱིད་རླུང་འགུལ་སྐྱོད”ནས་མགོ་བརྩམས་ཏེ། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་བའི་“1+9”རིམ་སྟར་བྱེད་སྒོ་སྤེལ་བ་དང་། སྲིད་ཇུས་ལེ་ལག་ཚང་བ་རབ་དང་རིམ་པ་བསྟར་ཏེ། ཞིང་ཆེན་གྱི་མགོ་ཁྲིད་37གྱིས་གནས་སྦྲེལ་གཙོ་ཁྲིད་བྱས་ཤིང་ལས་ཁུངས་1300ལྷག་རྒྱ་ཁྱབ་ཏུ་ཞུགས་པ་དང་། ཁེ་ལས་རོགས་སྐྱོར་གྱི་འབྲེལ་གཏུག་པ་ཁྲི་1གིས“མི་རེས་ཁེ་ལས་རེར”རོགས་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་བཏོན་པའི་གནད་དོན་རིགས་མི་འདྲ་བ་5000ལྷག་མཐུན་སྦྱོར་དང་ཐག་གཅོད་བྱས་པས། སྤྱི་ཚོགས་སྔོན་དཔག་རྒྱུན་མཐུད་ངང་ཇེ་ལེགས་དང་ཁྲོམ་རའི་ཡིད་ཆེས་མུ་མཐུད་དུ་ཇེ་བརྟན་དུ་བཏང་། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཡོང་འབབ་འཕར་ཏེ་ཡང་བསྐྱར་ལོ་ལེགས་ཐོབ་པ་དང་། ཐོན་ལས་དང་པོའི་འཕར་ཐང་4.7%འཕར། བཟོ་ལས་ཀྱི་རྩོལ་ནུས་གསར་པ་མགྱོགས་པོར་ཡར་རྒྱས་བྱུང་སྟེ། སྔོན་རྩིས་ལྟར་ན་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་5.6%ཡན་འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་45.3%དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་62.2%འཕར་ཏེ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ཁྲོད་དེ་གཉིས་ཀའི་བསྡུར་ཚད་ཚང་མ་26%ལས་བརྒལ་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཕུང་བོ་ཆེས་ཆེ་བའི་གཤིས་ལེགས་ཐཱན་ཚི་སྣའི་ཐོན་སྐྱེད་རྟེན་གཞི་ལེགས་འགྲུབ་བྱུང་། ཞབས་ཕྱིའི་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་བྱུང་སྟེ་བཟང་ཕྱོགས་སུ་འཕེལ་གྱིན་ཡོད། དངུལ་རྩའི་ལས་ཁུངས་ཀྱི་གསོག་དངུལ་ལྷག་འབོར་3.6%དང་བུན་དངུལ་ལྷག་འབོར་7.2%འཕར་བ་དང་། འགྲུལ་བ་སྐྱེལ་ཚད་དང་ཚོང་ཟོག་སྐྱེལ་ཚད་སོ་སོ་ལྡབ་1.4དང་16.7%འཕར། གློག་འཕྲིན་དང་མྱུར་སྐྱེལ་གྱི་ལས་སྒོ་སྤེལ་ཚད་དང་གཞི་ཁྱོན་ཡན་གྱི་ཞབས་ཕྱི་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་ཚང་མ་20%ལྷག་འཕར་ཡོད། ནོར་ཁྲལ་དངུལ་རྩས་འདེགས་སྐྱོར་སྟོབས་ཆེན་བྱས་པས། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་15.9%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་10.8%འཕར་ཡོད། ལྗང་མདོག་དངུལ་རྩའི་འཕེལ་རྒྱས་ལ་“མཐོ་གཅིག་ལེགས་གཅིག་སྔ་གཅིག་གསར་གཅིག”གི་འཕེལ་སྟངས་ཆགས་པ་དང་། ལྗང་མདོག་ཡིད་རྟོན་བུན་དངུལ་གྱི་ཁྱབ་རྒྱ་རྒྱལ་ཡོངས་ཀྱི་སྔོན་དུ་ཡོད། ཁྲོམ་རའི་དགོས་མཁོ་སླར་གསོ་དང་རྒྱ་སྐྱེད་བཏང་ཞིང་། མ་དངུལ་གཏོང་འཇོག་གི་འགག་སྒྲོལ་འགུལ་སྐྱོད་ལག་ཏུ་བསྟར་ཏེ། བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་ཚད་26.4%དང་གློག་ཤུགས་ལ་མ་དངུལ་འཇོག་ཚད་7.4%འཕར་ཡོད། ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པའི་འབབ་ཚིགས་ཐོག་ཁང་གི་གཙོ་གཞི་ལེགས་འགྲུབ་བྱུང་བ་དང་། ལན་ཤིན་འགྲུལ་སྐྱེལ་ལྕགས་ལམ་སླར་གསོ་བྱས་ཏེ་འཁོར་འགྲོས་ཚད་ལྡན་ངང་འཁོར་སྐྱོད་བྱས་ཤིང་། “བསྐྱར་དར་རྟགས་ཅན”གྱི་འགུལ་འཁོར་མཚོ་བོད་ལྕགས་ལམ་དུ་བསྐྱོད། ཞིང་ཆེན་གཞུང་ལམ་དཀྱུས་མ་དང་ཞིང་སྡེའི་གཞུང་ལམ་སྤྱི་ལེ་3600གསར་སྐྲུན་དང་སྒྱུར་བཀོད་བྱས་ཏེ། མྱུར་སྐྱོད་གཞུང་ལམ་དང་གཞུང་ལམ་རིམ་པ་དང་པོའི་ལམ་ཐག་སྤྱི་ལེ་5000ལས་བརྒལ་བའི་དམིགས་འབེན་ལོ་གཉིས་སྔ་སྣུར་གྱིས་མངོན་འགྱུར་བྱུང་། འཇུ་ཆུ་ཙོང་འདྲེན་ལས་གྲྭའི་རྐ་ལམ་ཡོངས་སུ་ཆུ་བཏང་བ་དང་། ཞུའུ་ཅི་འགག་དང་ཟི་ན་གཞུང་སོགས་ཀྱི་ཆུ་མཛོད་ཁག་ཅིག་ལ་ཆུ་བསྐྱིལ། འཛད་སྤྱོད་སླར་གསོ་གོང་སྤེལ་གྱི་འགུལ་སྐྱོད་སྤེལ་ནས། སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར་17.3%འཕར་བ་དང་། དྲ་ཐོག་ཏུ་དངོས་པོ་ཉོ་ཚོང་སྒོར་དུང་ཕྱུར་532.2བྱས་ཏེ་11.8%འཕར་ཞིང་། གྲངས་བཅད་ཡན་གྱི་སྡེབ་སིལ་འདུག་བཟའ་བཞིའི་ཕྱིར་འཚོང་དངུལ་འབོར་20%ལྷག་འཕར་ཡོད། གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཡོངས་ལས་ཆེས་མགྱོགས་པོར་རྒྱལ་ཁབ་རིམ་པའི་སྦྲེལ་དྲའི་རྐང་འཛིན་ཐད་སྦྲེལ་གནས་བཙུགས་པ་མ་ཟད་སྐུད་ལམ་སྦྲེལ་ནས་གཉེར་མགོ་བརྩམས་པ་དང་། ཅིན་ཏུང་གི་མཚོ་སྔོན་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླིང་བཙུགས་ནས་ལས་གཉེར་བྱེད་ཀྱིན་ཡོད། རྒྱལ་ཡོངས་ཀྱི་སྔོན་ལ་ལྗང་མདོག་རྩིས་ཤུགས་ཀྱི་ས་གནས་ཚད་གཞི་ཁྱབ་བསྒྲགས་བྱས། གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་1100ལས་བརྒལ་ཞིང་། སྲོག་ཤིང་ཐོན་ལས་ཀྱི་འཕར་ཐང་20%འཕར་ཡོད། དཀའ་སྡུག་གི་ཀློང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལ་ལུས་སྟོབས་འཕེལ་ཞིང་ཟུངས་ཤུགས་རྒྱས་པས། འཕེལ་རྒྱས་ཀྱི་མཉེན་ཆ་དང་རྟིང་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན།
——ཐོན་ལས་ཀྱི“གནས་བཞི” ཡིས་སྒུལ་ནུས་གསར་པ་བཏང་ཡོད། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་གྱིས་བསྐྲུན་ཏེ། ཅཱ་དང་ནཱ། རྨེ། ལིས། ཁིལ་བཅས་ཀྱི་ཐོན་ལས་ཆེན་པོ་ལྔའི་སྡེ་ཚོགས་རིམ་གྱིས་གྲུབ་ཡོད་ལ། ལོ་ཧྲིལ་པོར་ཅཱ་ལུད་ཏུན་ཁྲི་706ཐོན་སྐྱེད་བྱས་ཏེ། རྒྱལ་ཡོངས་ཀྱི་སྤྱིའི་ཐོན་ཚད་ཀྱི་77%ལྷག་ཟིན་ཡོད་ལ། ཐཱན་སྐྱུར་ལིས་ཏུན་ཁྲི་11ཐོན་སྐྱེད་བྱས་ཏེ་49.4%འཕར་ཡོད། ཚྭ་ཆུ་ལས་ལིས་འདོན་པའི་ལག་རྩལ་རྒྱལ་སྤྱིའི་སྔོན་དུ་སླེབས་ཡོད་ལ། ཁིལ་འགྱུར་རྨེ་རྫས་ཀྱི་ཆུ་འདོར་བའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་སེལ་ཡོད། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་བཙན་ས་སྐྲུན་པར་ངར་སྟོབས་དྲག་པོ་རྒྱས་ཏེ། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་སྟོང་ཝ་ཁྲི་980འཕར་བ་དང་། སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི་5100བརྒལ་ཡོད། རླུང་གློག་ཉི་གློག་རྟེན་གཞི་སྐོར་གསུམ་མགྱོགས་མྱུར་གྱིས་བསྐྲུན་པ་དང་། སྔོ་རྒྱ་འགག་གི་གློག་འདོན་འཕྲུལ་འཁོར་རྒྱ་སྐྱེད་ལས་གྲྭ་བཀོལ་སྐྱོད་གཏོང་གིན་ཡོད། མར་སྟེང་ཆུ་གློག་ས་ཚིགས་སུ་ཆུ་བསྐྱིལ་བ་དང་། བ་རིང་དང་འབའ་རྫོང་། ལྷོ་རིའི་ཉག་ག་བཅས་ཀྱི་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་སྐྲུན་མགོ་བརྩམས། འཛམ་གླིང་གི་ཆེས་ཆེ་བའི་གཤེར་རྣམ་མཁའ་དབུགས་ནུས་གསོག་དཔེ་སྟོན་ལས་གཞི་མཚོ་སྔོན་དུ་གཞིས་ཆགས་པ་དང་། ལྗང་གློག་གིས་ཆིང་རླུང་བཟོ་བའི་ལས་གཞི་ཐོག་མས་ཐོན་སྐྱེད་བྱེད་མགོ་བརྩམས་ཤིང་། ཁུ་ནུ་རི་བོའི་སྟོང་ཝོལ་750ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བཀོལ་སྤྱོད་གཏོང་གིན་ཡོད། གློག་དྲ་ལ་ཤར་རྒྱུད་དུ་སྐས་གདང་གསུམ་ཅན་གྱི་དབྱིབས་དང་ནུབ་རྒྱུད་དུ་ཨང་ཀི་8ཅན་གྱི་དབྱིབས་ཀྱི་རྐང་འཛིན་དྲ་སྒྲོམ་གྲུབ་པ་དང་། མཚོ་སྔོན་གྱི་“ལྗང་གློག”ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རར་བཀོལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་འགྲོ་གནས་ཀྱི་རྣམ་པ་གསར་པ་བཏོད་ཅིང་། “ལྟེ་གཅིག་འཁོར་གཅིག་རྒྱུད་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཆགས་སྟངས་མགྱོགས་པོར་འཛུགས་སྐྱོང་བྱས། མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་ཅིང་། ཡུལ་སྐོར་པ་སྣེ་ལེན་བྱས་ཚད་ཐོག་དང་པོར་མི་ཐེངས་ཁྲི་300ལས་བརྒལ། Aརིམ་པའི་མཛེས་ལྗོངས་ཁུལ་38གསར་དུ་འཕར་བ་དང་། ཚྭ་འདམ་ཆེ་བའི་ནམ་མཁའི་སྐར་ཚོགས་དང་མདོ་ལ་ལྷ་ཁམས་བླ་མཚོའི་སྒར་ས་གཉིས་རྒྱལ་ཁབ་4Cརིམ་པའི་སྒེར་འཁོར་སྒར་ས་རུ་བདམས་ཤིང་། ཡུལ་སྐོར་པ་སླེབས་ཐེངས་ལྡབ་1.1དང་ཡུལ་སྐོར་སྤྱིའི་ཡོང་འབབ་ལྡབ་2འཕར་ཡོད། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་སྐྱེལ་ས་ཆ་འཛུགས་སྐྲུན་ཐད་ལ་གནས་མང་པོར་ཤུགས་བརྒྱབ་སྟེ། སྐྱེ་ལྡན་དུ་ལྟ་ཞིབ་ཚད་ལེན་བྱས་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་1.5ལས་བརྒལ་ཡོད། མཚོ་ཞོག་9བའི་འདེབས་རྒྱ་ནི་རྒྱལ་ཡོངས་ཀྱི་ཞོག་ཁོག་འདེབས་རྒྱའི་ཆེ་ཤོས་སུ་གྱུར་ཡོད་ལ། པད་ཁའི་སོན་བཟང་ཁྱབ་གདལ་བཏང་ཚད་ཀྱིས་བྱང་ཕྱོགས་དཔྱིད་ཀའི་པད་ཁ་འདེབས་ཁུལ་གཙོ་བོའི་སྤྱིའི་རྒྱ་ཁྱོན་གྱི་85%ལྷག་ཟིན་ཡོད། ཀོས་ཙོན་ཉ་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད་ལ། ཤང་ཀང་ཨོ་མོན་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་རྟེན་གཞི་སྐོར་ཞིག་བསྐྲུན་ཏེ། ལོ་ཧྲིལ་པོར་ཕྱིར་བསྐྱལ་བའི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་168.2ལ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་ཀྱིས་ཕུ་ཐུང་བརྫེས་ནས་ལས་ལ་བརྩོན་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྤུས་འདེགས་དང་ཇེ་མགྱོགས་བཏང་བས། མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ཀྱི་དགེ་མཚན་དེ་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་བསྒྱུར་དང་སྒྱུར་བཞིན་ཡོད།
——བཅོས་སྒྱུར་སྒོ་འབྱེད་ཀྱིས་གསོན་ཤུགས་གསར་པ་བསླངས་ཡོད། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་རྣམས་ཆེད་ལས་ཅན་དུ་ཟླ་སྒྲིལ་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། འགྲུམ་འགྲིལ་མ་རྐང་ཚོད་འཛིན་ཀུང་སིས་ལམ་ཟམ་ཀུང་སིར་ཟླ་སྒྲིལ་དང་བསྐྱར་འཛུགས་བྱས་པ་དང་། ཟི་ལིང་རྣོ་ལྕགས་ཀུང་སིའི་བསྐྱར་སྒྲིག་འཆར་གཞི་ལག་བསྟར་བྱས་ཚར། ཞིང་ཆེན་རྒྱལ་ནོར་ཨུ་ལྷན་གྱིས་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱས་ཏེ་རིན་ཐང་སྲུང་འཛིན་དང་འཕར་སྣོན་བྱུང་ཕྱོད་101%ལ་སླེབས་ཡོད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་བའི་སྲིད་ཇུས་དང་ཐབས་བཀོད་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། ཁྲལ་འཕྲི་ཡོན་གཅོག་དང་ཁྲལ་སློག་ཡོན་འགྱངས་བྱས་ཚད་སྒོར་དུང་ཕྱུར་73.6འཕར་ཡོད། ཆོག་འཐུས་དོན་ཚན་གྱི་གསལ་ཐོ་དོ་དམ་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་ཏེ། “དོན་གཅིག་ཐེངས་གཅིག་གིས་འགྲུབ་པའི”ཕྱོགས་བསྡུས་སྒེའུ་ཁུང་ཞིང་ཆེན་ཡོངས་ཀྱི་སྲིད་དོན་ཞབས་ཕྱི་ལྟེ་གནས་ཡོངས་སུ་ཁྱབ་ཡོད་ལ། སྲིད་དོན་ཞབས་ཕྱིའི་དོན་ཚན་དྲ་ཐོག་ནས་སྒྲུབ་ཆོག་ཕྱོད་93%ཡན་ལ་སླེབས། གཉེར་སྐྱོང་བྱེད་པོ་འཛུགས་གཉེར་བྱེད་ཡུན་དེ་ལས་བྱེད་ཉིན་མོ་2ཀྱི་ནང་ཚུན་དུ་བསྐུམས་ཡོད་ལ། གསར་དུ་ཚུགས་པའི་གཉེར་སྐྱོང་བྱེད་པོ་27%འཕར་ཏེ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་ཆེན་པོ་བཅུ་གོམ་ཁ་བརྟན་པོར་འཛུགས་སྐྲུན་བྱས་ཤིང་། ལིན་ཧུའུ་གནམ་དཔྱད་ལྟ་འཇལ་རྟེན་གཞི་རུ་གནམ་དཔྱད་རྒྱང་མཐོང་8ནང་འདྲེན་བྱས་པ་དང་། “མོ་ཙི”མཁའ་སྐོར་རྒྱང་མཐོང་གིས་མཁའ་དབྱིངས་ནས་ལྟ་འཇལ་བྱེད་མགོ་བརྩམས། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གློག་ཤུགས་མ་ལག་གསར་པའི་ལག་རྩལ་གསར་གཏོད་ལྟེ་གནས་ཐོག་མ་མཚོ་སྔོན་དུ་གཞིས་ཆགས་པ་དང་། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་99དང་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ཅན་188གསར་དུ་ངོས་བཟུང་། ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་9དང་འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་བཅས་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ་དང་། རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་བུ་འདེགས་པ་དང་རྒྱལ་ཁོངས་བརྒལ་བའི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་བསྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ། “གཞི་གྲངས་མཚོ་སྐྱོར”ཕྱོགས་ཡོངས་སྤེལ་མགོ་བརྩམས་པ་དང་། རྒྱབ་སྐྱོར་དང་མཉམ་ལས་དང་རོགས་སྐྱོར་བཅས་ཀྱི་ལས་གཞི་900ཙམ་ལག་བསྟར་བྱས། མཚོ་སྔོན་ཚོང་གཏམས་ཚོགས་འདུ་དང་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་འགྲེམ་ཚོགས། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མ་གོང་སྤེལ་གླེང་སྟེགས་བཅས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་དང་། ཚོང་དང་མ་དངུལ་འདྲེན་འགུག་བྱས་པར་མ་དངུལ་སྒོར་དུང་ཕྱུར་568ལག་འབྱོར་བྱུང་། རྒྱལ་སྤྱིའི་ཟོང་འདྲེན་དུས་གཏན་མེ་འཁོར་154བཏང་ཞིང་། ཕྱི་ཚོང་གི་ནང་འདྲེན་ཕྱིར་གཏོང་བསྡོམས་ཐང་20.3%འཕར་བ་དང་། ཉི་ནུས་གློག་སྨན་ཕྱིར་གཏོང་བྱས་ཚད་ལྡབ་2དང་ལིས་གློག་སྨན་ཕྱིར་གཏོང་བྱས་ཚད་ལྡབ་3.6འཕར། ཕྱི་ཕྱོགས་ལ་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་གྲུབ་འབྲས་ཐོབ་ཅིང་། བཅོས་སྒྱུར་གྱིས་འདེད་པ་དང་། སྒོ་འབྱེད་ཀྱིས་ཁྲིད་པ། གསར་གཏོད་ཀྱིས་སྒུལ་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ཅིང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་དུ་འཕར།
——བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་གསར་པ་བརྒྱབ་ཡོད། ས་གནས་ཀྱི་བུ་ལོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ལོ་འཁོར་ལས་འགན་ལེགས་འགྲུབ་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་བུ་ལོན་དང་དངུལ་རྩའི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད། འབྲུ་རིགས་བདེ་འཇགས་འགན་སྲུང་དང་རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། འབྲུ་རིགས་སྤྱིའི་ཐོན་ཚད་དང་རྒྱ་ཁྱོན་རེའི་ཐོན་ཚད་ཚང་མས་ལོ་རྒྱུས་མཐོ་ཤོས་བསྐྲུན་པ་དང་། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི་22གསར་སྐྲུན་དང་སྒྱུར་བཀོད་མཐོར་འདེགས་བྱས། “འབྲུ་མིན་ཅན”དུ་བསྒྱུར་བའི་རྨོ་ཞིང་མུའུ་ཁྲི་19.6སྒྲིག་བཅོས་བྱས་ཤིང་། མཚོ་སྔོན་གྱི་སོན་རྒྱུ་ཐོན་ཁུངས་ཀྱི་འདྲ་བཟོས་མཛོད་ཁང་དེ་རྒྱལ་ཁབ་ཀྱི་མཛོད་ཁང་གཙོ་བོར་གྱུར་ཡོད། སོལ་གློག་སྣུམ་རླངས་དང་སྐྱེལ་འདྲེན་བཅས་མཉམ་འབྲེལ་ཐོག་འགན་སྲུང་དང་མཁོ་འདོན་བགྱིད་པར་གཅིག་གྱུར་འཆར་འགོད་བྱས་ཤིང་། ཤིན་ཅང་གི་རྡོ་སོལ་མཚོ་སྔོན་དུ་འདྲེན་ཚད་72%འཕར། དུས་ཡུན་འབྲིང་རིང་གི་གན་རྒྱ་བཞག་པའི་གློག་ཤུགས་སྟོང་ཝ་ཆུ་ཚོད་དུང་ཕྱུར་666དང་། གན་རྒྱ་བཞག་པའི་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་དུང་ཕྱུར་40.4ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རང་སྐྲུན་ཁང་པ་དང་འབར་རླངས། གཏེར་རི། རྫས་འགྱུར་དངོས་པོ་ཉེན་ཅན་སོགས་ཀྱི་ཁྱབ་ཁོངས་ཀྱི་ཆག་སྒོ་འབྱུང་ཉེན་ལ་ཆེད་དམིགས་ལེབ་གཤེར་དང་སྒྲིག་བཅོས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། “གནས་རེར་ཇུས་རེ”བྱས་ཏེ་ས་རྒྱུ་གནོད་འཚེ་འབྱུང་ཉེན་ཡོད་སར་ལྟ་སྡོམ་བྱེད་པར་ཤུགས་སྣོན་བརྒྱབ། གནམ་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡས་སྔོན་ནས་ཁྲིད་པའི་འཚུབ་ཟློག་མཉམ་འགུལ་རྐྱེན་སྲོལ་བཙུགས་པ་དང་། “གཉིད་དཀྲོག་བརྡ་གཏོང”དང་“རམ་འདེགས་བརྡ་གཏོང”རྐྱེན་སྲོལ་གཞི་རིམ་དུ་ཤར་མར་འབྱོར་ཐུབ། ཆུ་ལོག་རྒྱུག་དུས་ཉེན་ཁར་ཐུག་པའི་མང་ཚོགས་ཁྲི་7.89སྔ་ས་ནས་གནས་སྤར་ཞིང་། བདེ་འཇགས་ཐད་ནས་ཆག་སྒོ་ཚབས་ཆེན་དང་ཤིན་ཏུ་ཆེ་བ་འབྱུང་བ་སྔོན་འགོག་ནུས་ལྡན་བྱས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་“གཅིག་ཅན་བཅུའི”བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང་། སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་འགོག་སྡོམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་། “ཉེན་ཁ་སྔོན་འགོག་དང་། རྐྱེན་ངན་གཙང་སེལ། གྱོད་དོན་ཉུང་འབྱུང་། བདེ་འཇགས་འགན་སྲུང”གི་ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་ཁྱེར་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་དང་། རྫོང་རིམ་པའི་“གཅིག་འཐུས་ཅན”གྱི་འགལ་བ་དང་རྩོད་གཞི་བར་འདུམ་ལྟེ་གནས་ཡོངས་སུ་ཁྱབ་པར་བྱས་ཡོད། མཚོ་ཤར་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་མདའ་བཞི་རྫོང་གསེར་ཐང་ཤང་། དར་ལག་རྫོང་ཞིབ་དཔྱོད་ཁང་བཅས་རྒྱལ་ཡོངས་ཀྱི་“ཧྥེང་ཆའོ་ལྟར་བྱ་བ་སྒྲུབ་སྟངས”ཀྱི་སྡེ་ཚན་དུ་བདམས་པ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་དང་བརྟན་ལྷིང་ཡིན་ལ། མི་དམངས་ཀྱི་བདེ་འཇགས་ལ་ཡིད་ཚིམ་བྱུང་ཚད་བསྟུད་མར་ལོ་11ལ་འཕར་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བས། མཚོ་སྔོན་གྱི་གང་ས་ཀུན་ཏུ་བདེ་འཇགས་དང་བདེ་སྐྱིད་ཀྱི་མེ་ཏོག་རྣམ་པར་བཞད་ཡོད།
——དམངས་འཚོའི་བསོད་སྐལ་ལ་མཐོར་འདེགས་གསར་པ་བྱུང་ཡོད། ནོར་སྲིད་ཀྱིས་དམངས་འཚོར་འགྲོ་སོང་བཏང་ཚད་76%ལ་སླེབས་ཡོད་ལ། “འགན་སྲུང་གསུམ”གྱི་མཐའ་ཚད་མུ་མཐུད་དུ་དམ་པོར་སྲུང་ཡོད། ལོ་མགོར་གཏན་ཁེལ་བྱས་པའི་དམངས་འཚོའི་དོན་དངོས་རིགས་ཆེན་པོ་བཅུའི་དོན་ཚན་41ཡོངས་རྫོགས་ལེགས་འགྲུབ་བྱུང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་ཤུགས་བརྒྱབ་སྟེ་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་ཀྱི་དཔྱད་འཇོག་ལས་ཕྱིར་སློག་པའི་གནད་དོན་ལ་ནན་ཏན་དང་བཙན་འཐབ་ཀྱིས་དག་ཐེར་བྱས། དབུལ་ཐར་མི་འབོར་གྱི་ཡོང་འབབ་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་མགྱོགས་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མགྱོགས། མཁར་གྲོང་གི་ལས་ཞུགས་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་གནས་སྤོ་ལས་ཞུགས་བྱེད་པའི་ལོ་འཁོར་དམིགས་ཚད་ཚད་ལས་བརྒལ་བར་ལེགས་འགྲུབ་བྱུང་། སློབ་ཆེན་མཐར་ཕྱིན་སློབ་མའི་ཐོ་བཀོད་ལས་ཞུགས་བྱས་ཕྱོད་90%ལ་སླེབས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སོ་སོ་4.3%དང་8%འཕར་ཏེ། ཡོང་འབབ་ཀྱི་ཁྱད་པར་མུ་མཐུད་དུ་ཇེ་ཆུང་དུ་སོང་། འགན་བབས་སློབ་གསོ་སྲ་བརྟན་བྱུང་ཕྱོད་དང་མཐོ་འབྲིང་དུས་སྐབས་ཀྱི་ན་འདྲེས་སློབ་ཞུགས་ཚད་ལ་“ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་དམིགས་འབེན་སྔ་སྣུར་གྱིས་མངོན་འགྱུར་བྱུང་བ་དང་། རྨང་གཞིའི་སློབ་གསོའི་བསླབ་གནས་ཁྲི་1.1གསར་དུ་བསྣན། མཚོ་སྔོན་རྩིས་ཚན་སློབ་ཆེན་གྱི་སློབ་ར་ཕྱོགས་ཡོངས་ནས་བསྐྲུན་ཚར་བ་དང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་མགྱོགས་མྱུར་ངང་སྒྲིག་འཛུགས་བྱེད་ཀྱིན་ཡོད། པྲོག་གསར་ནད་དུག་འགོས་པར་“རིགས་ཁ་པར་དོ་དམ་ཁ་པ་བྱེད་པའི”འགོག་སྡོམ་ཐབས་བཀོད་ལག་བསྟར་བྱས། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་སྒྲིག་འཛུགས་བྱས་ཤིང་། རིམས་ནད་ཚབས་ཆེན་སྐྱོབ་བཅོས་རྟེན་གཞི་དང་ཞིང་ཆེན་མ་བུའི་བདེ་སྲུང་སྨན་ཁང་ལེགས་འགྲུབ་བྱུང་སྟེ་ལས་གཉེར་བྱེད་ཀྱིན་ཡོད་ལ། ཀ་རིམ་གཉིས་པའི་གཞུང་གཉེར་སྨན་ཁང་རྫོང་ཁོངས་ཡོངས་སུ་ཁྱབ་པར་བྱས་ཡོད། སྨན་རྫས་ཟད་རྒྱུ་གཅིག་བསྡུས་སྒོས་ཉོ་སྒྲུབ་བྱེད་པའི་རིན་གོང་ཆ་སྙོམས་ཀྱིས་50%མར་ཆག་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་བོད་སོག་སྨན་དཔྱད་ཀྱི་བཟོས་སྨན་ལ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་གཏན་འབེབས་བྱས་ནས་དངོས་སུ་བཏོན་ཞིང་། སྡོད་དམངས་ཀྱི་བདེ་ཐང་ཆགས་ཚད་དུས་མཐུན་དང་བསྡུར་ན་བརྒྱ་ཆའི་ཚེག་2.35འཕར་ཡོད། རྒན་གསོ་དང་ལས་ཤོར། ལས་རྨས་སོགས་འགན་བཅོལ་ནང་ཞུགས་རྒྱ་རིམ་གྱིས་ཇེ་ཆེར་བཏང་བ་དང་། སྡེ་ཁུལ་གྱི་རྒན་གསོ་ཞབས་ཕྱི་ས་ཚིགས་56དང་། ཞིང་སྡེའི་རོགས་རེས་རྒན་གསོ་ས་ཚིགས་131བཙུགས་ནས་ལས་གཉེར་བྱེད་ཀྱིན་ཡོད་ལ། བུ་བཅོལ་ལས་ཁུངས་ལྡབ་3.3དང་བཅོལ་ཆོག་ཁ་གྲངས་ལྡབ་2.7འཕར་ཡོད། རོང་འབྲོག་པའི་དུད་ཚང་ཁྲི་4ཡི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་པ་དང་། མཁར་གྲོང་གི་སྡོད་ཁང་དཀའ་ངལ་ཡོད་པའི་དུད་ཚང་4.56གི་མང་ཚོགས་ལ་བདེ་སྡོད་རེ་བ་བསྐངས། རང་ཞིང་གི་འབྲོག་པའི་འཚོ་བའི་འཕོ་འགྱུར་བརྗོད་དོན་དུ་བྱས་པའི་སྒྲུང་རིང་《གངས་རིའི་ས་ཆེན》ཞེས་པར་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པ་དང་། དངོས་ཟིན་གློག་བརྙན་《གསའ་དང་ཁོའི་གྲོགས་པོ་ཚོ》ཞེས་པར་ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མའི་བྱ་དགའ་ཐོབ་ལ། གསར་རྩོམ་གླུ་གར་《ལང་ཚོའི་རལ་གྲི་221》ཞེས་པར་ཀྲུང་གོའི་གླུ་གར་གྱི་ཕུལ་བྱུང་གར་སྣའི་བྱ་དགའ་ཐོབ། ཆོས་དབྱིངས་སྐྱིད་ཀྱིས་ཨོ་ཕིག་དང་ཡ་གླིང་ལུས་རྩལ་འགྲན་ཚོགས་གཉིས་ཀྱི་འདུར་རྒྱུག་གི་གསེར་གྱི་རྟགས་མ་བླངས་ཏེ། རང་ཞིང་ལ་ཨོ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པའི་སྟོང་ཆ་གསབ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྤེལ་བ་སྔར་ལས་ཇེ་ལེགས་སུ་ཕྱིན་ཅིང་། གསར་འགྱུར་དང་དཔེ་སྐྲུན། རྒྱང་སྒྲོག་དང་བརྙན་ལས། ཚན་ཧྲི་དང་རྩོམ་རིག་དེབ་ཐེར། ས་གནས་ལོ་རྒྱུས་སོགས་ཀྱི་བྱ་གཞག་ལ་ཡར་རྒྱས་གསར་པ་བྱུང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་སྡེ་ཚན་11འཕར་སྣོན་བྱུང་བ་དང་། “སེ་འབྲུའི་ཁྱིམ་གཞིས”སྡེ་ཁུལ་388བསྐྲུན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཀྱིན་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ཀྱི་ཟབ་སར་བབས་ཡོད། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་འཆམ་མཐུན་མཉམ་གནས་བྱས་ཤིང་། སེ་འབྲུའི་འབྲུ་གུ་རེ་རེ་བཞིན་མཉམ་དུ་དམ་པོར་འཐམས་ཏེ། མཉམ་དུ་དགའ་སྐྱིད་འཚོ་བ་བསྐྲུན་དང་སྐྲུན་བཞིན་ཡོད།
འཐུས་མི་རྣམ་པ། ན་ནིང་གློ་བུར་དུ་ཆུ་མ་མཁར་རྫོང་ལ་ཚད་རིམ་6.2ཅན་གྱི་ས་ཡོམ་བྱུང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་པོར་བཀའ་བཀོད་གལ་ཆེན་གནང་ཞིང་། ཙུང་ལི་ལི་ཆང་དང་ཙུང་ལི་གཞོན་པ་ཀྲང་ཀོ་ཆིན་རྣམ་གཉིས་ཡུལ་དངོས་སུ་ཕེབས་ནས་གནོད་ཐེབས་མང་ཚོགས་ལ་མཚམས་འདྲི་དང་། ཡུལ་དངོས་སུ་ཡོམ་འགོག་གུད་སྐྱོབ་ཀྱི་བྱ་བར་མཛུབ་སྟོན་གནང་བས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་ལ་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཆེན་པོ་བསྩལ། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ས་ཡོམ་གྱི་གནས་ཚུལ་ཐོས་འཕྲལ་ལམ་སེང་ཆས་ཏེ་བློ་སེམས་གཅིག་མཐུན་གྱིས་ཤུགས་བརྒྱབ་ཅིང་། དུས་ཚོད་རྩོད་ལེན་དང་གྲང་ངར་བཟོད་བསྲན་གྱིས་མང་ཚོགས་དང་མཉམ་དུ། ཡོམ་རྗེས་ཀྱི་སྐར་མ་བཅུའི་ནང་དུ་ཆེད་ལས་རོགས་སྐྱོབ་རུ་ཁག་བསྡུས་ནས་གནོད་ཁུལ་དུ་བསྐྱོད་པ་དང་། ཆུ་ཚོད་གཅིག་ནས་ས་གདན་ཐང་ལ་བཏིང་འདྲ་ལྟར་ལེབ་བཤེར་གྱིས་འཚོལ་སྐྱོབ་ཅི་ནུས་བྱས་ཏེ། མང་ཚོགས་རྨས་མ་196མཚན་ཐོག་ཏུ་འཕྲལ་མར་ས་གཞན་དུ་བསྐྱལ་ནས་སྐྱོབ་བཅོས་བྱས། ཡོམ་རྗེས་ཆུ་ཚོད་དགུ་ནས་འཕྲིན་གཏོང་སྦྲེལ་ཚིགས་དང་འོད་སྐུད་ཡོངས་རྫོགས་སླར་གསོ་བྱས་པ་དང་། ཉིན་གཅིག་གི་ནང་དུ་གློག་འདོན་སྐུད་ལམ་ཡོངས་རྫོགས་སླར་གསོ་བྱས་ཏེ་གློག་བཏང་ཞིང་གནོད་ཐེབས་མང་ཚོགས་ཚང་མ་རས་གུར་ནང་དུ་བདེ་བར་བཀོད། ཉིན་གཉིས་ཀྱི་ནང་དུ་གཏོར་བརླག་ཐེབས་པའི་བགྲོད་ལམ་ཡོངས་རྫོགས་ཞིག་གསོ་བྱས་ནས་རྒྱུན་ལྡན་ངང་ཤར་བསྐྱོད་ཐུབ་པར་བྱས། ཉིན་དྲུག་གི་ནང་དུ་གནོད་ཐེབས་མང་ཚོགས་གནས་སྤར་ནས་པང་ཁང་དུ་བདེ་བར་བཀོད། གཟའ་འཁོར་གཅིག་གི་ནང་དུ་སློབ་གྲྭས་སླར་ཡང་སློབ་ཁྲིད་སློབ་སྦྱོང་བྱེད་མགོ་བརྩམས་པ་དང་། གཟའ་ཁོར་གཉིས་ཀྱི་ནང་དུ་སློབ་ཁང་སློབ་ཁྲིད་སླར་གསོ་བྱས། གནོད་ཐེབས་ཁྱིམ་ཚང་9803གྱི་མང་ཚོགས་མི་45218གཅིག་བསྡུས་སྒོས་བདེ་བར་བཀོད། བདེ་འཁོད་གནས་སུ་ཆུ་དང་གློག དྲོད་ལེན། སྤྱོད་ཁང་། འཚོ་བའི་གད་སྙིད་སྡུད་ཆས། ཏང་དམངས་ལས་སྒྲུབ་ས་ཚིགས། སྨན་བཅོས་ཞབས་ཕྱི་བཅས་“དྲུག་འཛོམས་པ”མངོན་འགྱུར་བྱས་ཤིང་། བདེ་འཁོད་གནས་ཀྱི་མགོ་པ་དང་། བཀོད་འདོམས་བཀོད་གཏོང་། བདེ་འཇགས་སྐོར་ཞིབ་ལེབ་བཤེར། ཕན་ཚུན་རོགས་རེས་བྱམས་བརྩེ། འགལ་བ་སྡུམ་སེལ། དང་བླངས་ཞབས་ཕྱི་བཅས་ཀྱི་བྱ་བ་“དྲུག་དོན་འཁྱོལ”བྱས་ཏེ། གནོད་ཐེབས་མང་ཚོགས་ལ་སེམས་བདེ་བའི་འདུག་ས་དང་ཡིད་དྲོ་བའི་འཚོ་བ་ཡོད་པར་བྱས་པས། ཡོམ་འགོག་གུད་སྐྱོབ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། གནོད་རྗེས་བསྐྱར་སྐྲུན་གྱི་བྱ་བ་ཕྱོགས་ཡོངས་ནས་བསྒྲུབ་མགོ་བརྩམས་ཏེ། སློབ་གསོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ལས་གཞི་18སྔོན་ཚུད་ནས་ལས་མགོ་བརྩམས། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། སྤུན་ཟླའི་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། སྤྱི་ཚོགས་ལས་རིགས་སོ་སོས་ཕངས་མེད་དུ་རོགས་སྐྱོར་དང་བརྩེ་སེམས་ཕུལ་བས། གནོད་ཁུལ་མང་ཚོགས་ཀྱིས་རང་རྟོགས་སྒོས་རྒྱལ་དར་བསྒྲེངས་ཤིང་རྒྱལ་གླུ་བླངས་ནས་ཏང་གི་བཀའ་དྲིན་སྙིང་ལ་བཅངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སེམས་གཏིང་ནས་དགའ་ཞེན་དང་གོང་བཀུར་བྱས་ཏེ། ཡོམ་འགོག་གུད་སྐྱོབ་དང་ཁྱིམ་གཞིས་བསྐྱར་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གོང་བུར་བསྒྲིལ་ཡོད།
འདས་པའི་ལོ་གཅིག་གི་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། “དགོངས་པ་སློབ། ཏང་གཤིས་སྐྱེད། ལག་ལེན་གཙོ། བྱས་གསར་འཇོག”ཅེས་པའི་སྤྱིའི་བླང་བྱ་དམ་པོར་བཟུང་སྟེ། གཞུང་ལུགས་སློབ་སྦྱོང་དང་བརྟག་བཤེར་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ཞིབ་ལྟ་ཡོ་བསྲང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་སྤེལ་བྱས་ཤིང་། གྱོད་དཔེས་ཡོ་བསྲང་ལ་སྐུལ་བ་དང་སྤྱོད་ཚུལ་གནད་དོན་འབུར་ཐོན་གྱི་ཆེད་དམིགས་སྒྲིག་བཅོས་ཟབ་སྤེལ་བྱས། ལམ་ལུགས་དང་རྐྱེན་སྲོལ་30ལྷག་བཙུགས་ཤིང་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་དང་འགག་གནད་སྐོར་ཞིག་སེལ་བར་བྱས། ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་དང་སྤོབས་པ་སྔར་བས་ཇེ་དྲག་ཏུ་གྱུར་པ་དང་། བསླབས་པས་བླ་སྲོག་བརྟན་པ་དང་། བསླབས་པས་བློ་གྲོས་འཕེལ་བ། བསླབས་པས་སྤྱོད་ཚུལ་སྲོང་བ། བསླབས་པས་ལས་ཀར་སྐུལ་བ་བཅས་ཀྱི་ཐད་ནས་ཕན་འབྲས་མངོན་གསལ་ཐོབ་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་5གྲོས་ཞིབ་ཏུ་ཕུལ་བ་དང་། ཁྲིམས་སྲོལ་7ལ་དག་བཅོས་བྱས་པའམ་སྤྱོད་མཚམས་བཞག དམངས་ཆེན་དང་དེའི་རྒྱུན་ཨུ་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བཅས་རང་རྟོགས་སྒོས་དང་ལེན་བྱས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་མི་དམངས་ཚོགས་པ་བཅས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་ཉན། དམངས་ཆེན་འཐུས་མིའི་དགོངས་འཆར་དང་སྲིད་གྲོས་ཀྱི་གྲོས་གཞི་ཡོད་ཚད་བསྒྲུབས་ནས་ལན་ཕྱིན་ཡོད་ལ། ཡིད་ཚིམ་ཚད་100%ལ་སླེབས་ཏེ། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་མཐོར་འདེགས་གསར་པ་བྱུང་ཡོད།
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ལ་ཕྱི་མིག་བལྟས་ཚེ། ང་ཚོས་འགྲན་སློང་ལ་ཁ་གཏད་གཅོག་བཞིན་རང་འགུལ་གྱིས་ལས་ལ་གཞོལ་བ་དང་། དཀའ་ངལ་དང་སྒང་གཤོང་བརྒྱུད་ཀྱིན་འབད་འབུངས་ཡར་བརྩོན་བྱས། གཡུལ་འཐབ་གཅིག་འཕྲོར་གཅིག་བཤམས་ཤིང་། འགག་སྒོ་གཅིག་འཕྲོར་གཅིག་གཏོར་ཏེ། ཐོབ་དཀའ་བའི་གྲུབ་འབྲས་བླངས་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཡིད་ཆེས་ཇེ་བརྟན་དང་སྙིང་སྟོབས་ཇེ་རྒྱས། སྒུལ་ཤུགས་ཇེ་དྲག་ཏུ་ཕྱིན་ཡོད། ང་ཚོར་སྔར་བས་མྱོང་ཚོར་ཟབ་མོ་ཐོབ་པ་ནི། དུས་རབས་གསར་པའི་འཐབ་ལམ་གསར་པ་རུ་མཚོ་སྔོན་འཕེལ་རྒྱས་ཐད་ལ་ཐོབ་པའི་གྲུབ་འབྲས་རེ་རེ་དང་འཕོ་འགྱུར་རེ་རེ་ནི། མཐར་ཐུག་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་ཇུས་འགོད་དང་ཐུགས་ཁུར་གཅེས་སྐྱོང་གནང་བར་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་རག་ལས་པ་ཡིན་ལ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་དེ་མུ་མཐུད་དུ་འབད་འཐབ་དང་བརྩོན་པ་མཐར་སྐྱེལ་བྱས་པའི་འབྲས་བུ་ཡིན་པ་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཡིན་ལ། མི་ཚང་མས་རྔུལ་ཆུ་ས་ལ་གཏོར་མྱོང་ཞིང་། མི་སྤྱིར་བཏང་བས་ཀྱང་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད། འདི་ནས། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ། མཚོ་སྔོན་དུ་བཅའ་སྡོད་ཀྱི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག མེ་གསོད་རོགས་སྐྱོབ་ཀྱི་བཀོད་འདོམས་པ་དང་འཐབ་མོ་བ། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུ། རོགས་སྐྱོར་མཉམ་ལས་བྱས་པ་དང་སྤུན་ཟླར་གྱུར་པའི་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་བཅས་དང་། ཀང་ཨོ་ཐའེ་གསུམ་གྱི་སྤུན་ཟླ་དང་ཕྱི་སྡོད་རང་མི། རྒྱལ་སྤྱིའི་གྲོགས་པོ་དང་བཅས་པར་བླ་མེད་ཀྱི་གུས་འདུད་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
གྲུབ་འབྲས་ཕྱོགས་སྡོམ་བྱེད་པ་དང་ཆབས་ཅིག ང་ཚོས་གསལ་པོར་མཐོང་ཐུབ་པ་ནི། འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་། འཕེལ་རྒྱས་མི་སྙོམས་པ་དང་མི་འདང་བ་དེ་སྔར་བཞིན་མཚོ་སྔོན་གྱི་མདུན་དུ་ལྷགས་པའི་དུས་རིམ་རང་བཞིན་གྱི་ཁྱད་རྟགས་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་སྔར་བཞིན་གནོན་ཤུགས་རྡེབ་རྩེག་དང་ལྗིད་ཐེག་མདུན་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་འགན་ལྗིད་ཞིང་ལམ་རིང་། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་བཟང་སྐྱེད་ཡོང་བའི་རྨང་གཞི་ད་དུང་སྲ་བརྟན་དུ་གཏང་དགོས་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་མྱུར་བར་ཇེ་མཐོར་གཏང་དགོས་ལ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པར་ད་དུང་དུས་ཚོད་མང་པོ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ལས་འགན་ཤིན་ཏུ་ལྕི་ལ། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་བསྒྱུར་བའི་ཆུ་ཚད་ད་དུང་ཇེ་མཐོར་གཏང་དགོས། ལས་བྱེད་པ་ཉུང་ཤས་ཀྱི་བསམ་བློའི་འདུ་ཤེས་དང་། འཇོན་ནུས་བྱང་ཚད། བྱ་བའི་སྤྱོད་ཚུལ་བཅས་ནི་གནས་བབ་གསར་པ་དང་བླང་བྱ་གསར་པར་ད་དུང་ཡོངས་སུ་འཚམ་ཐུབ་ཀྱི་མེད་པ་དང་། ཁྱབ་ཁོངས་འགའ་ཤས་སུ་རུལ་སུངས་ཀྱི་གནད་དོན་འབྱུང་གི་ཡོད། ང་ཚོས་ངེས་པར་དུ་གནད་དོན་ལ་གདོང་གཏད་ནས་དཀའ་བ་ཁྱད་བསད་དང་འབད་བརྩོན་ལྷོད་མེད་བྱེད་ཅིང་། སྔར་བས་ཤུགས་ཆེ་ཞིང་གོ་ཆོད་པའི་སྒོ་ནས་ཐག་བཅད་དེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངག་བཅོལ་གཏན་ནས་སྟོང་ཟད་དུ་མི་འགྲོ་བ་བྱ་དགོས།
གཉིས། 2024ལོའི་དམིགས་འབེན་ལས་འགན་དང་གཙོ་གནད་བྱ་བ།
ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་གཅིག་ཀྱང་ཡིན། སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་གཏིང་ཟབ་ཏུ་དོན་འཁྱོལ་བྱ་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནང་བའི་བླང་བྱ་གལ་ཆེན་ལྷག་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། “ཆེ་ཤོས་གསུམ”གྱི་ཞིང་ཆེན་ངེས་གནས་དང་“ལྷག་ཏུ་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱ་དགོས། མགྱོགས་མྱུར་ངང་འཕེལ་རྒྱས་ཆགས་སྟངས་གསར་པའི་ནང་འདྲེས་སུ་བཅུག་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བགྱིས་ཏེ། ནང་མཁོ་རྒྱ་སྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་གཅིག་འདོམས་དང་། མཁར་གྲོང་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་གཅིག་འདོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བཅས་བྱ་དགོས། “ལས་བྱེད་པས་ལས་ལ་འབད་དགོས། རིག་ལམ་གསལ་དགོས། རང་གཅུན་དམ་དགོས”ཞེས་པའི་བླང་བྱ་ལག་ལེན་དུ་བསྟར་ཏེ། གསར་གཏོད་སྲོལ་འབྱེད་དང་ཡར་རྒྱས་བརྩོན་ལེན་བྱེད་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི་“གནས་བཞི”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ལེན་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་གསར་པ་བརྩོན་པས་བྲི་དགོས།
ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བསྡོམས་ཐང་5%ཡས་མས་འཕར་བར་བྱ་རྒྱུ། མཁར་གྲོང་དུ་ལས་ཞུགས་མི་གྲངས་ཁྲི་6ལྷག་འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་106ལྷག་གནས་སྤོ་ལས་ཞུགས་བྱེད་པ་དང་། མཁར་གྲོང་གི་བརྟག་དཔྱད་ལས་ཤོར་ཕྱོད་5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་འགྲོས་མཉམ་པར་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཕྱོད་3%ཡས་མས་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི་107ཡན་དུ་སྲུང་འཛིན་བྱ་རྒྱུ། འབྲི་ཆུ་དང་། རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཞིང་ཆེན་ཕྱིར་འབབ་མཚམས་ཀྱི་བཅད་ངོས་ཆུ་སྤུས་རིགས་IIཔ་དང་དེའི་ཡན་དུ་བརྟན་པོར་སྲུང་འཛིན་བྱེད་པ་དང་། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་96%ཡན་དུ་སླེབ་པར་བྱ་རྒྱུ། ནུས་ཁུངས་ཟད་གྲོན་འགྲོ་ཚད་“ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་དུས་སྐབས་སུ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་གཅིག་འདོམས་ཀྱིས་ལེགས་འགྲུབ་བྱ་རྒྱུ་དང་། སྦགས་དངོས་གཙོ་བོ་ཉུང་འདོར་བྱས་ཏེ་རྒྱལ་ཁབ་ཀྱིས་བསྒྲགས་པའི་དམིགས་འབེན་གྱི་མན་དུ་སླེབ་པར་བྱ་རྒྱུ་བཅས་ཡིན། བྱ་བ་དངོས་ཀྱི་ཁྲོད་དུ་ང་ཚོས་འབད་པ་གང་ཐུབ་བྱས་ནས་གྲུབ་འབྲས་གང་ལེགས་འཐོབ་པར་བརྩོན་དགོས།
གོང་གསལ་གྱི་དམིགས་འབེན་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་དུ་བརྩིས་ཏེ། བརྟན་ཐོག་ཡར་འཕེལ་དང་། འཕེལ་བས་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བྱེད་པ་དང་། གཙོ་གནད་འབུར་ཐོན་དང་འགག་རྩ་ཁོང་དུ་ཆུད་པའི་སྒོ་ནས་ཕྱོགས་བརྒྱད་ཀྱི་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས།
(གཅིག)མཛེས་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་སྐྲུན་པར་དམིགས་པ་གཏད་དེ། ཆུ་ཚད་སྔར་ལས་མཐོ་བའི་སྲུང་སྐྱོབ་བྱེད་པར་འབད་པས་སྐུལ་འདེད་གཏང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་མགྱོགས་པོར་སྐྲུན་པ་དང་། བློ་བརྟན་འགྱུར་མེད་ངང་“ཀྲུང་ཧྭའི་ཆུ་གཏེར”གྱི་ལྟ་སྲུང་བ་བྱ་དགོས།
སྤུས་ཚད་དང་ཕན་ཕྱོད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་བཟོས་ནས་ལག་བསྟར་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ལེགས་པོ་བྱ་དགོས་ལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་སྐུལ་འདེད་གཏང་དགོས། ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་“1+10”འཆར་འགོད་བཟོས་ནས་ལག་བསྟར་བྱེད་པ་དང་། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་དང་ཟི་ལིང་གི་རྒྱལ་ཁབ་རྩི་ཤིང་གླིང་གསར་སྐྲུན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། སྒྲིག་སྲོལ་རྐྱེན་སྲོལ་གྱི་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་“ཕུབ་ལྗང”འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་དགོས། དམིགས་བསལ་ཆོག་འཐུས་སྤྲད་པའི་གཉེར་སྐྱོང་རྣམ་པ་གསར་གཏོད་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་རིག་གནས་ཧུར་ཐག་གིས་སྐྱེད་སྲིང་བྱ་དགོས་ལ། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་མུ་མཐུད་དུ་ལེགས་པོར་བསྒྲུབས་ནས། རྒྱལ་ཁབ་སྤྱི་གླིང་དེ་སྔར་ལས་ཁྱད་ཆོས་ལྡན་པ་དང་། སྔར་ལས་ཡིད་དབང་འཕྲོག་པ། སྔར་ལས་སྤུས་ཀ་ལེགས་པར་འཛུགས་སྐྲུན་བྱས་ཏེ། མཛེས་པའི་ཀྲུང་གོའི་ཉམས་འགྱུར་མངོན་བྱེད་ཀྱི་མིང་བྱང་འོད་དུ་འཚེར་བ་ཞིག་ཏུ་འགྱུར་བར་བརྩོན་དགོས།
རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་དང་ཉམས་གསོ་བྱེད་པར་སྐུལ་འདེད་གཏང་དགོས། ཕྱོགས་ཡོངས་ནས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་བྱེད་པའི་བྱ་བ་དམ་དུ་འཛིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་མཐོང་བའི་དཔེ་མཚོན་གྱོད་གཞི་དང་ཕྱིར་སློག་གནད་དོན་རྣམས་ཕྱོགས་ཡོངས་ནས་ཡོ་བསྲང་མཐར་ཕྱིན་བྱ་དགོས། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་གལ་ཆེ་བའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་ལས་གྲྭ་ལག་ཏུ་བསྟར་བ་དང་། ཙོང་ཆུའི་རི་ཆུ་ལས་གྲྭར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་དུས་མཇུག་བྱ་བར་དོ་དམ་དང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བརླན་སར་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ནུས་ཤུགས་ཡོད་རྒུས་“བྱང་གསུམ”ལས་གྲྭའི་འགག་སྒྲོལ་གཡུལ་འཐབ་ལེགས་པོར་རྒྱག་པ་དང་། རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་དང་ས་ནག་ཏུ་གྱུར་པའི་རྩྭ་ཐང་བཅོས་སྐྱོང་གི་ལོ་ལྔའི་འགུལ་སྐྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་སྤེལ་བྱ་དགོས། ཕྱུགས་བཀག་ཁུལ་དང་རྩྭ་ཕྱུགས་དོ་མཉམ་གྱི་དོ་དམ་ལ་ཤུགས་སྣོན་པ་དང་། “རྩྭ་འོད་གསབ་རེས”དང་འོད་ཝོལ་བྱེ་བཅོས་ཁྱབ་གདལ་དུ་གཏང་དགོས་ལ། རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱེད་ཚད་མུའུ་ཁྲི་550ཡན་ལ་སླེབ་དགོས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། “རྨ་འབྲི་མཚོ་གསུམ”གྱི་ཉ་རྒྱ་བསྡམས་པར་དོ་དམ་ནན་པོ་བྱ་དགོས། མཁའ་དབུགས་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས་ལ། ཙོང་ཆུའི་འབབ་རྒྱུད་ཀྱི་སྦགས་བཅོས་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་གནམ་སྔོ་ཆུ་དྭངས་ས་གཙང་སྲུང་སྐྱོང་བྱེད་པའི་གཡུལ་འཐབ་ལེགས་པར་བཤམས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པར་བསྒྱུར་ཏེ། རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་དང་དགོང་སྔོན་གཡའ་དག་ཅིང་ས་གཞི་ལྗང་ཐིང་ཐིང་གི་མཛེས་རིས་རྒྱུན་ཆད་མེད་པར་མངོན་དགོས།
ཧུར་ཐག་དང་འོས་འགབ་ཀྱི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་གཏང་དགོས། སྦགས་སྙུང་ཐཱན་གཅོག་གི་མཉམ་སྒྲུབ་ལས་གྲྭ་མགྱོགས་པོར་ལག་བསྟར་བྱེད་པ་དང་། བཟོ་ལས་དང་། འགྲིམ་འགྲུལ། ཨར་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏང་དགོས། ཐཱན་མེད་ཐོན་ལས་གླིང་ཁུལ་ལེགས་པོར་འཛུགས་པ་དང་། གཙོ་གནད་ལས་རིགས་ཀྱི་ཁེ་ལས་ལྗང་མདོག་ཐཱན་ཉུང་ནུས་བསྲི་ཅན་དུ་མགྱོགས་པོར་སྒྱུར་བཀོད་བྱ་དགོས། སྤྱི་པའི་ཁྱབ་ཁོངས་ཀྱི་རླངས་འཁོར་གློག་སྒུལ་ཅན་དུ་སྔོན་ལ་སྒྱུར་བ་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུས་གཙང་དྲོད་ལེན་པའི་ཚོད་ལྟའི་གྲོང་ཁྱེར་དང་དཔེ་སྟོན་རྫོང་བསྐྲུན་རྒྱུ་ཟབ་སྤེལ་བྱས་ཏེ། ནུས་ཟད་ཀྱི་ཚོད་འཛིན་གཉིས་དེ་ཐཱན་འབུད་ཀྱི་སྤྱི་འབོར་དང་དྲག་ཚད་གཉིས་ཚོད་འཛིན་བྱེད་པར་རིམ་གྱིས་བསྒྱུར་དགོས། གློག་ཤུགས་མ་ལག་གསར་པ་དང་ལྗང་མདོག་གློག་ཤུགས་འཛད་སྤྱོད་མ་ལག་མགྱོགས་པོར་འཛུགས་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ཐཱན་འབུད་དབང་ཆ་ཉོ་ཚོང་དོ་དམ་དང་ཐོན་རྫས་ཀྱི་ཐཱན་མཚོན་རྟགས་ངོས་འཛིན་ལམ་ལུགས་དོན་འཁྱོལ་བྱ་དགོས་ལ། ནགས་རྩྭའི་ཐཱན་འདུས་ཚོད་ལྟའི་གནས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་འབེན་མངོན་འགྱུར་ཡོང་བའི་ཐད་ལ་མཚོ་སྔོན་གྱི་བྱས་རྗེས་བསྐྲུན་དགོས།
ཚན་རིག་དང་རིམ་ཡོད་ཀྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་མཐར་ཕྱིན་བྱས་ནས། རྒྱལ་ཁོངས་བར་སྟོངས་ཀྱི་སྤྱོད་སྒོར་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དང་། ཁོར་ཡུག་གདེང་འཇོག་གི་ཁུངས་མགོའི་སྔོན་འགོག་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏང་དགོས། “གནམ་ས”གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་འཇལ་དྲ་བ་ཚགས་ཞིབ་མོར་བཙུགས་ནས། གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་མ་ལག་ལྟ་འཇལ་གྱི་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་པ་དང་། ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་མཉམ་འགུལ་བྱེད་པའི་རྐྱེན་སྲོལ་ཇེ་ལེགས་སུ་བཏང་ནས། ཚད་གཞི་སྔར་ལས་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གདེང་འཇོག་མ་ལག་གཏོད་དགོས། སྐྱེ་ཁམས་རིན་ཐང་ཞིབ་རྩིས་བྱས་འབྲས་ཉེར་སྤྱོད་གཏིང་ཟབ་བྱེད་པ་དང་། སྟོང་སྐོར་དང་མདོ་ལ་སོགས་རྫོང་8ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་རྐྱེན་སྲོལ་གྱི་ཚོད་ལྟའི་གནས་སྤེལ་དགོས། རྨ་ཆུ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ས་ཁོངས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱིན་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རི་སྔོ་ཆུ་དྭངས་ཀྱི་མཛེས་པ་སྔར་བས་ཇེ་ལེགས་སུ་བཏང་ནས། “གསེར་རི་དངུལ་རིའི”རིན་ཐང་བླ་ལྷག་གིས་མངོན་འགྱུར་བྱ་དགོས།
(གཉིས)དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་དམིགས་པ་གཏད་དེ། ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་དགོས། ཐོན་ལས་ཀྱི་“གནས་བཞི”ཡིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་ཀྱི་ལུས་སྟོབས་དྲག་སྐྱེད། གཙོ་རྟེན་ཐོན་ལས་ཀྱི་ཕྲེང་འདུས་ཁྱུ་སྒྲིག་བཅས་ལ་སྐུལ་འདེད་བཏང་ནས། སྤུས་ཀ་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་ཆགས་པར་བྱ་དགོས།
ཤེད་ཤུགས་སྔར་ལས་ཆེན་པོས་གསར་གཏོད་ཕྲེང་སྐྱེད་ལ་སྐུལ་འདེད་གཏང་དགོས། ཐོན་ལས་གསར་གཏོད་ཀྱི་སྣེ་ཁྲིད་ལས་གཞི་ལག་བསྟར་བྱས་ཏེ། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་ཆེན་པོ་བཅུ་འཛུགས་སྐྲུན་ཀྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་། ཚྭ་མཚོའི་ཐོན་ཁུངས། ནུས་ཁུངས་གཙང་མ། ཁྱད་ལྡན་ཞིང་ཕྱུགས། སྐྱེ་དངོས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཇེ་དྲག་གཏང་དགོས་ལ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་གཞན་སྒྱུར་ལ་ཡར་སྐུལ་བྱ་དགོས། “ཁུ་ནུའི་མཁས་འཇོན”འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རྣམ་གྲངས་དང་འཇོན་མི་དང་ལས་སྟེགས་སྦྲགས་མའི”ཚན་རྩལ་འཇོན་མི་སྐྱེད་སྲིང་དང་ནང་འདྲེན་བྱེད་པའི་རྐྱེན་སྲོལ་གསར་གཏོད་བྱ་དགོས། ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བར་ཤུགས་སྣོན་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་ཀྱིས་གསར་གཏོད་བྱེད་པར་སྐུལ་བའི་“ལག་གདང་མཉམ་སྦྲེལ་འགུལ་སྐྱོད”སྤེལ་དགོས་ལ། ཤེས་བྱའི་བདག་དབང་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཕན་སྒྱུར་བྱས་འབྲས་ཆེ་ཆེར་གཏོང་དགོས། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་སྦྲེལ་ཕྲེང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ལག་ཏུ་བསྟར་བ་དང་། སྤུས་ཚད་ཀྱིས་འདེགས་སྐྱོར་དང་ཚད་གཞིས་སྣེ་ཁྲིད་བྱེད་པར་ཤུགས་བསྣན་དགོས་ལ། བཟོ་སྐྲུན་ལས་རིགས་དང་ལྷག་པར་དུ་མཐོ་གསར་ལག་རྩལ་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་སྔར་བས་ཇེ་མཐོར་གཏོང་བ་དང་། འབྱུང་འགྱུར་གྱི་ཐོན་ལས་ལ་ཧུར་ཐག་གིས་ཐབས་ཇུས་འཐེན་ནས། ཐོན་ལས་ཀྱི་འགྲན་ལམ་གསར་པ་སྐྱེད་སྲིང་བྱ་དགོས།
ཐབས་ཇུས་སྔར་ལས་ཏན་ཏིག་གིས་རིགས་སྒྱུར་སྤུས་འདེགས་ཇེ་མགྱོགས་སུ་གཏང་དགོས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པ་དང་། ཚད་གཞིའི་མ་ལག་དང་ལས་རིགས་ཚད་ལྡན་བྱེད་སྟངས་འཐུས་ཚང་དུ་གཏང་དགོས་ལ། ན་གོར་མོའི་ཚྭ་མཚོའི་ལྗང་མདོག་ཐོན་ལས་གླིང་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། གློག་སྨན་རིམ་པའི་ཐཱན་སྐྱུར་ལིས་དང་རྨང་གཞིའི་ལིས་ཚྭ་སོགས་ཀྱི་རྣམ་གྲངས་ལ་མགྱོགས་པོར་སྐུལ་འདེད་བཏང་སྟེ། ཚྭ་མཚོའི་ཐོན་ཁུངས་རིམ་ཡོད་སྒོས་གསར་སྤེལ་དང་ཐོན་ལས་ལྗང་མདོག་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱ་དགོས། ནུས་ཁུངས་གཙང་མ“ཕྱོགས་ལྔ་གཞི་གཅིག”གིས་སྐུལ་སྤེལ་གཏོང་བའི་རྣམ་པ་འཛུགས་སྐྱོང་བྱས་ཏེ། རླུང་གློག་ཉི་གློག་རྟེན་གཞི་ཆེ་གྲས་སྐོར་གསུམ་གློག་དྲར་སྦྲེལ་ནས་གློག་འདོན་པར་སྐུལ་འདེད་གཏོང་བ་དང་། མར་སྟིང་དང་གཡང་འཁྱིལ་ཆུ་གློག་ས་ཚིགས་བསྐྲུན་ནས་སྤྱོད་མགོ་བརྩམ་དགོས་ལ། ཚྭ་འདམ་བྱེ་ཐང་རྟེན་གཞིའི་ན་གོར་མོའི་ཤར་རྒྱུད་དང་ལིན་ཧུའུ་མཚན་མོའི་རླུང་གློག་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་སྟོང་ཝ་ཁྲི་1500ལྷག་འཕར་དུ་འཇུག་དགོས། དར་དམར་དང་སུམ་མདོ་ཁའི་སྟོང་ཝོལ་750ཅན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ལེགས་འགྲུབ་བྱེད་པ་དང་། ཡུལ་ཤུལ་དང་མགོ་ལོག་གི་གློག་དྲར་སྦྲེལ་བའི་ལྡོག་སྐུད་གཉིས་པའི་སྟོང་ཝོལ་330ཅན་གྱི་སྐུད་ལམ་ལས་གྲྭ་བསྐྲུན་དགོས། མཚོ་ཡུས་ཐད་རྒྱུག་གློག་གི་ལོངས་སྟེར་ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཆེས་མཐོ་གློག་གནོན་ཕྱིར་སྐྱེལ་བའི་སྐུད་ལམ་གཉིས་པ་སྐྲུན་མགོ་བརྩམ་དགོས། ནུས་གསོག་རྒྱུ་མང་ཅན་དུ་སྐྲུན་པའི་འགུལ་སྐྱོད་ཟབ་སྤེལ་བྱེད་པ་དང་། ལྗང་ཆིང་ཉེར་སྤྱོད་ཀྱི་ཚོད་ལྟ་དང་དཔེ་སྟོན་ལ་སྐུལ་འདེད་གཏང་དགོས། ཐེན་ཧོ་འོད་ནུས་ཀྱི་ཐོན་ལས་སྦྲེལ་ཕྲེང་ཧྲིལ་པོ་སོགས་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། འོད་ཝོལ་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་སྟོང་ལས་བརྒལ་ཐུབ་པར་བརྩོན་དགོས། “ལྟེ་གཅིག་འཁོར་གཅིག་རྒྱུད་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་སྐྲུན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱ་དགོས། ཚྭ་ཁའི་ཚྭ་མཚོ་དང་། གསེར་དངུལ་ཐང་ནས་རྡུལ་ཕྲན་གྲོང་གི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་ཅན་གྱི་མཛེས་ལྗོངས་ཁུལ་ཚད་ལྡན་འཛུགས་སྐྲུན་ལས་གྲྭ་དང་ཡུལ་སྐོར་གྱི་སྐོར་ལམ་ཆེན་མོའི་སྤུས་འདེགས་རིམ་སྤར་ལས་གྲྭ་ལག་བསྟར་བྱ་དགོས་ལ། སྐྱེ་ཁམས་ལྗོངས་རྒྱུ་དང་། མཐོ་སྒང་གི་ཁམས་གསོ། གངས་འཁྱགས་ཡུལ་སྐོར་བཅས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་གཏང་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་འདེགས་འདྲེན་སྐྱེད་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། དེང་རབས་ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཕྲེང་ཧྲིལ་པོ་ཚད་གཞི་ཅན་ཡིན་པའི་དཔེ་སྟོན་རྟེན་གཞི་དང་། ལྗང་མདོག་སྐྱེ་ལྡན་མ་རྒྱུ་ཐོན་སྐྱེད་རྟེན་གཞི། མཐོ་སྒང་གི་འཁྱག་བསིལ་སྔོ་ཚལ་རྟེན་གཞི་བཅས་མགྱོགས་མྱུར་གྱིས་བསྐྲུན་དགོས། སྐྱེ་ལྡན་དུ་ལྟ་ཞིབ་ཚད་ལེན་བྱེད་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་3000ལྷག་འཕར་དུ་འཇུག་པ་དང་། ལྗང་མདོག་དང་སྐྱེ་ལྡན། ས་ཁམས་བཅས་ཀྱི་མཚོན་རྟགས་ལྡན་པའི་ཞིང་ལས་ཐོན་རྫས་80ངོས་འཛིན་བྱས་ཏེ། “མཚོ་སྔོན”རྟགས་ཅན་གྱི་ཚོང་ཟོག་སྤུས་ལེགས་ཀྱི་མཚན་བྱང་ལ་རྒྱུན་ཆད་མེད་པར་འོད་འཚེར་བར་བྱ་དགོས།
ཆུ་ཚད་སྔར་ལས་མཐོན་པོས་གྲངས་འཛིན་ནུས་སྤྲོད་ཇེ་སྟོབས་སུ་གཏང་དགོས། “ཤར་གྲངས་ནུབ་རྩིས”དང་“ཤར་གྲངས་ནུབ་གསོག” “གཞི་གྲངས་མཚོསྐྱོར”བཅས་ལ་དམིགས་ནས། “གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ×”ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང་། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་སྒྱུར་བར་མཉམ་སྒྲུབ་ཀྱིས་སྐུལ་འདེད་གཏང་དགོས། ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་གྱི་ལས་གྲྭ་ལག་བསྟར་བྱེད་པ་དང་། ལྗང་མདོག་རྩིས་ནུས་ཞིབ་འཇུག་ལྟེ་གནས་གཟུག་དགོས། ཟི་ལིང་གི་རྒྱལ་ཁབ་རིམ་པའི་སྦྲེལ་དྲའི་རྐང་འཛིན་ཐད་སྦྲེལ་གནས་ཀྱི་ཉེར་སྤྱོད་འདེགས་སྐྱོར་ནུས་པ་རྒྱ་སྐྱེད་པ་དང་། ཡུས་སེ་གཞི་གྲངས་ཆེན་མོའི་གནོད་གྲབས་ལྟེ་གནས་དང་དབྱི་ཀྲུང་“དར་གོས་སྤྲིན་རོང”ཐཱན་ཉུང་རྩིས་ནུས་ཐོན་ལས་གླིང་ལེགས་པོར་བསྐྲུན་དགོས། གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི་རྐང་འཛིན་སྣེ་འདྲེན་ཁེ་ལས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། ནུས་ཁུངས་གཙང་མ་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་རྟེན་གཞི་བསྐྲུན་དགོས་ལ། “རྩོལ་བྱུང་རིག་ནུས+”འགུལ་སྐྱོད་སྤེལ་ནས། གྲངས་འཛིན་ཐོན་ལས་འདུས་ཚོགས་བསྐྲུན་དགོས། ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་གྱི་ནུས་སྤྲོད་ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། འཚོ་བའི་ཞབས་ཕྱི་ལས་རིགས་གྲངས་འཛིན་ཅན་དུ་རིགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་སྟེ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྒུལ་འཁོར་གསར་པ་བསྐྲུན་ནས། མི་དམངས་མང་ཚོགས་ལ་“གྲངས་འཛིན་རིག་ནུས”ཀྱི་དགའ་སྐྱིད་འཚོ་བ་བླ་ལྷག་གིས་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས།
(གསུམ)དགོས་མཁོ་ནུས་ལྡན་ངང་བསྐྱེད་པར་དམིགས་པ་གཏད་དེ། དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས། མ་དངུལ་གཏོང་འཇོག་དང་འཛད་སྤྱོད་ལ་གཅིག་འདོམས་སྔར་བས་ལེགས་པོ་བྱེད་པ་དང་། ཕན་ཁེ་ལྡན་པའི་མ་དངུལ་གཏོང་འཇོག་རྒྱ་བསྐྱེད་པ། སྦས་ཤུགས་ལྡན་པའི་འཛད་སྤྱོད་ལ་སྐུལ་སྤེལ་བཅས་བྱས་ཏེ། མ་དངུལ་གཏོང་འཇོག་དང་འཛད་སྤྱོད་ཀྱིས་ཕན་ཚུན་ལ་སྐུལ་ནས་འཁོར་རྒྱུག་བཟང་པོ་ཆགས་པར་བྱ་དགོས།
ཐབས་རྒྱ་ཇུས་སྟོང་གིས་ནུས་ལྡན་གྱི་མ་དངུལ་གཏོང་འཇོག་བར་སྟོངས་རྒྱ་ཆེར་གཏང་དགོས། རྒྱལ་ཁབ་ཀྱི་གཙོ་གནད་མ་དངུལ་འཇོག་ཕྱོགས་ལ་དམིགས་ནས་ལས་གཞི་གལ་ཆེན་གྱི་འགག་སྒྲོལ་འགུལ་སྐྱོད་སྤེལ་བ་དང་། རྒྱལ་ཁབ་ཀྱི་གསར་འཕར་རྒྱལ་བུན་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་ཁྲི་1འབྲེལ་མཐུད་དོན་འཁྱོལ་ལེགས་པོ་བྱ་དགོས། སྤུས་ལེགས་ཀྱི་མ་དངུལ་གཏོང་འཇོག་ལས་གཞི་ཁག་ཅིག་ཇུས་འགོད་དང་གྲབས་གསོག་བྱེད་པ་དང་། ནུས་ཁུངས་གཙང་མ་དང་གྲངས་འཛིན་དཔལ་འབྱོར། བཟོ་ལས་ཅན་གསར་པ་སོགས་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་འཇོག་གི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱ་དགོས། ཟི་ལིང་གནམ་གྲུ་ཐང་ལས་སྐབས་གསུམ་པ་འགྲུབ་དགོས་པ་དང་། གུང་ཧོ་གནམ་གྲུ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཟི་ཁྲིན་ལྕགས་ལམ་དང་གོར་ཁུའུ་ལྕགས་ལམ་གྱི་ནུས་བསྐྱེད་སྒྱུར་བཀོད་བྱེད་པ་དང་། མཚོ་བོད་ལྕགས་ལམ་གྱི་གོར་ལྷའི་མཚམས་སུ་གློག་ཤུགས་ཅན་དུ་སྒྱུར་བཀོད་བྱེད་པ་སོགས་ཀྱི་ལས་གཞི་ཇེ་མགྱོགས་སུ་གཏོང་བ་དང་། རྒྱ་ཏིག་ནས་ནུབ་མཚོ་དང་ཀོན་ཐིན་ནས་ཏཱ་ཧི་ཅཱ་ཡི་ཞིང་ཆེན་བར་གྱི་མྱུར་བགྲོད་གཞུང་ལམ་2གསར་དུ་བསྐྲུན་དགོས་ལ། ན་གོར་མོ་ནས་ནག་ཆུའི་བར་གྱི་གཞུང་ལམ་བསྐྲུན་རྒྱུ་བརྩོན་ལེན་བྱས་ཏེ། གཞུང་ལས་སྟེང་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་9ལས་བརྒལ་བར་བྱ་དགོས། མཐོ་སྒང་གི་ཆུ་དྲའི་ལས་གྲྭར་སྐུལ་འདེད་ཏན་ཏིག་གཏོང་བ་ད་ང་། རྨ་ཆུ་ཟི་ལིང་དུ་འདྲེན་པ་དང་། འབྲི་ཆུ་ཚྭ་འདམ་དུ་འདྲེན་པ། ལྷོོ་ཆུ་བྱང་འདྲེན་གྱི་ནུབ་རྐ་དྲ་སྦྲེལ་ལས་གྲྭའི་དུས་སྔོན་བྱ་བ་ཞིབ་ཚགས་ནན་ཏན་གྱིས་བསྒྲུབ་དགོས། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་མཐོར་འདེགས་དང་ཡར་སྐུལ་བྱེད་པའི་འགུལ་སྐྱོད་དང་“ཚོང་འགུག་མ་འདྲེན་གྱི་འགག་སྒྲོལ་ལོའི”བྱེད་སྒོ་སྤེལ་བ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩའི་མཉམ་ལས་ཀྱི་རྐྱེན་སྲོལ་གསར་པ་ལག་བསྟར་བྱ་དགོས། གཙོ་གནད་ཐོན་ལས་རྒྱུན་རྣམ་ཅན་དུ་སྒྱུར་བའི་ལས་གཞི་འོས་སྦྱོར་རྐྱེན་སྲོལ་འཛུགས་པ་དང་། དམངས་ཁྲོད་ཀྱི་མ་དངུལ་གཏོང་འཇོག་“གསོན་པ”ནས་སྟོབས་ཆེན་དུ་འགྱུར་བ་དང་། “གསར་པ”ལ་ཁ་ཕྱོགས་ཏེ་བསྐྱོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།
ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་རྒྱུན་མཐུད་སྒོས་རྒྱ་བསྐྱེད་པར་སྐུལ་འདེད་གཏང་དགོས། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་ཇེ་མང་དུ་གཏང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། འབྲེལ་ལམ་མང་པོ་ནས་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་བྱས་ནས། སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་གཏང་དགོས། ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྤྲོད་མཉམ་འདྲེས་འཆར་གཞི་ལག་བསྟར་བྱེད་པ་དང་། རྒན་གསོ་དང་བྱིས་སྐྱོང་། ཁྱིམ་ལས་སོགས་ཀྱི་ཞབས་ཕྱི་རྒྱ་བསྐྱེད་དང་སྤུས་འདེགས་ལ་སྐུལ་འདེད་གཏང་དགོས་ལ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྡེ་ཁུལ་ལ་ཞབས་ཕྱི་འདོན་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། “འཛད་སྤྱོད་སྐུལ་འདེད་གཏོང་ལོ”གཙོ་ཐིག་ཏུ་བྱས་ཏེ། དམངས་ཕན་འཛད་སྤྱོད་དུས་ཚིགས་དང་གློག་རྡུལ་ཚོང་དོན་དུས་ཆེན་སོགས་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་ཡག་པོ་གཉེར་བ་དང་། གྲོང་ཁྱེར་གྱི་འཛད་སྤྱོད་གཅིག་བསྡུས་ཁུལ་དང་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། གློག་གསོག་བྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་དང་གློག་རྡུལ་ཐོན་རྫས་སོགས་འཛད་སྤྱོད་ཆེ་གྲས་འཕེལ་སྐྱེད་གཏང་དགོས། གཞི་གྲངས་འཛད་སྤྱོད་དང་། ལྗང་མདོག་འཛད་སྤྱོད། བདེ་ཐང་འཛད་སྤྱོད་བཅས་འཕེལ་རྒྱས་སུ་གཏོང་བ་དང་། རིག་ནུས་ཁྱིམ་ཆས་དང་རོལ་རྩེད་ཡུལ་སྐོར། ལུས་རྩལ་འགྲན་བསྡུར་སོགས་འཛད་སྤྱོད་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་དང་། གུང་གསེང་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཟོང་འགྲེམ་མ་གནས་ཇེ་དམའ་རུ་གཏོང་བའི་འགུལ་སྐྱོད་དང་ཞིང་སྡེའི་བསྐུར་སྐྱེལ་“སྡེ་བ་རེར་ས་ཚིགས་རེའི”ལས་གྲྭ་ལག་བསྟར་བྱས་ནས། སྒྲིག་ཁོངས་སྡེ་བར་ཟོང་འགྲེམ་ཕྱོགས་བསྡུས་ཞབས་ཕྱིའི་ས་ཚིགས་བཙུགས་ཕྱོད་50%ཡན་ལ་སླེབ་དགོས། འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། བློ་བདེའི་འཛད་སྤྱོད་འགུལ་སྐྱོད་སྤེལ་ནས། འཛད་སྤྱོད་སྟབས་བདེ་ཡིན་ཚད་དང་བག་ཕེབས་ཡིན་ཚད། བློ་ཡིད་ཚིམ་ཚད་བཅས་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས།
ཧུར་ཐག་ལས་གཞོལ་གྱིས་ནོར་སྲིད་དཔྱ་ཁྲལ་དང་དངུལ་རྩའི་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་གཅིག་འདོམས་ཀྱིས་ཟླ་སྒྲིལ་བྱས་ཏེ། ནོར་སྲིད་ཀྱི་འགྲོ་སྒོའི་གྲུབ་ཚུལ་དང་ཞིང་ཆེན་མན་གྱི་ནོར་ཤུགས་བགོ་བཤའ་ཇེ་ལེགས་སུ་གཏོང་བ་དང་། ནོར་སྲིད་ཀྱི་མ་དངུལ་བཀོད་སྒྲིག་གི་ལས་ཕྱོད་དང་བེད་སྤྱོད་ཀྱི་ཕན་འབྲས་ཇེ་ཆེར་གཏང་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ནན་དུ་གཏོང་བ་དང་། རྩིས་ཞིབ་མོས་འཚོ་བ་གྲོན་ཆུང་རོལ་ནས། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ་དང་“གཞུང་གསུམ”གྲོན་དངུལ་10%ཡན་ཇེ་ཉུང་དུ་གཏང་དགོས་ལ། ནོར་ཤུགས་གཅིག་བསྡུས་ཀྱིས་“འགན་སྲུང་གསུམ”དང་འཐབ་ཇུས་གལ་ཆེན། ལས་གཞི་གལ་ཆེན་བཅས་ལག་ཏུ་བསྟར་བ་འགན་སྲུང་བྱ་དགོས་ལ། གྲོན་ཆུང་ཐུབ་པའི་དངུལ་ངེས་པར་དུ་གྲོན་ཆུང་བྱེད་པ་དང་། བཀོལ་མི་རུང་པའི་དངུལ་སྐར་མ་གཅིག་ཀྱང་གང་བྱུང་དུ་མི་བཀོལ། གྲུབ་ཚུལ་རང་བཞིན་གྱི་ཁྲལ་འཕྲི་ཡོན་གཅོག་སྲིད་ཇུས་དོན་འཁྱོལ་བྱས་ནས། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་བར་གཙོ་གནད་དུ་རྒྱབ་སྐྱོར་བྱ་དགོས། དངུལ་རྩས་དངོས་གཞི་དཔལ་འབྱོར་ལ་ཞབས་ཕྱི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་ཅིང་། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས་ལ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དངུལ་བསྡུ་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དང་། ཁེ་ལས་ཀྱིས་ཁྲོམ་རར་བྱང་བུ་འགེལ་བའི་“མཐོ་སྒང་དམར་པོ”འགུལ་སྐྱོད་སྤེལ་ཏེ། ཕྱོགས་བསྡུས་དངུལ་བསྡུའི་མ་གནས་བརྟན་པོའི་ངང་མར་ཆག་པར་སྐུལ་འདེད་གཏང་དགོས།
(བཞི)བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་དམིགས་པ་གཏད་དེ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱ་དགོས། གཏིང་ཟབ་པའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་ཟབ་སྤེལ་གྱིས་སྒོ་འབྱེད་ལ་སྐུལ་འདེད་དང་སྒོ་འབྱེད་རྒྱ་སྐྱེད་ཀྱིས་བཅོས་སྒྱུར་ལ་ལྡོག་སྐུལ་བྱས་ཏེ། རྒྱུན་མི་ཆད་པར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་རྒྱ་བསྐྱེད་པའི་བར་སྟོངས་གསར་པ་འཕར་སྣོན་བྱ་དགོས།
གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འགག་སྒྲོལ་གཏིང་ཟབ་ཏུ་སྤེལ་དགོས། ཁྲོམ་རར་འཇུག་འཐུས་ཀྱི་“རྒྱལ་ཡོངས་གསལ་ཐོ་གཅིག”གི་ལམ་ལུགས་དོན་འཁྱོལ་དང་། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ཁྲོམ་ར་གཅིག་གྱུར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་བཀག་རྒྱ་ཕྱོགས་ཡོངས་ནས་གཙང་སེལ་བྱ་དགོས། ཞིང་ཆེན་མན་གྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་ཁུར་དབྱེ་བགོད་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཐིག་རྨང་སྔོན་རྩིས་དོ་དམ་གྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱ་དགོས། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་དོན་འཁྱོལ་དང་། ཞིང་ཆེན་གྱི་ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་ཁང་དང་། གྲོང་སྡེའི་དངུལ་ཁང་བཅོས་སྒྱུར་ཇེ་མགྱོགས་སུ་གཏང་དགོས། གླིང་ཁུལ་གྱི་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱས་ཏེ། གཙོ་ཁྲིད་ཐོན་ལས་སྤུས་ལེགས་དང་སྟོབས་ལྡན་དུ་གཏང་དགོས། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཞིང་སྡེའི་ས་ཞིང་ལམ་ལུགས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ་ཁང་སའི་བཅོས་སྒྱུར་ལ་སྐུལ་འདེད་གཟབ་ནན་བྱ་དགོས། ཐུན་མོང་ནགས་དབང་ལམ་ལུགས་དང་། ཞིང་ལས་ཀྱི་ཆུ་རིན་བཅོས་སྒྱུར་གཏིང་ཟབ་བྱ་དགོས་ལ། མཁོ་ཚོང་ཁང་དར་རྒྱས་སུ་གཏོང་བའི་ལས་གྲྭ་ལག་བསྟར་བྱ་དགོས།
རིགས་མི་འདྲ་བའི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་ནུས་ལྡན་ངང་སྐུལ་སྤེལ་བྱ་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་དང་། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཞིང་ཆེན་ལ་གཏོགས་པའི་སྣེ་འདྲེན་ཅན་དང་འཐེན་ཁྲིད་ཅན་གྱི་རྒྱལ་དབང་ཁེ་ལས་སྐྱེད་སྲིང་དང་རྒྱ་བསྐྱེད་གཏོང་བ། རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་སྲིད་ཇུས་31དང་རང་ཞིང་གི་ཐབས་བཀོད་ཞིབ་ཕྲ་33ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གཉེར་སྐྱོང་ཁོར་ཡུག་གསར་གཏོད་མཐོར་འདེགས་འགུལ་སྐྱོད་སྤེལ་ནས། རྒྱུན་རྣམ་དང་ཡུན་ཕན་སྒོས་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་བསྐྱལ་དགོས། “ལས་ཕྱོད་མཐོ་བའི་སྒོ་ནས་དོན་དག་གཅིག་འགྲུབ་པ”ལ་རྒྱུན་རྣམ་ཅན་དུ་སྐུལ་འདེད་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་པའི་སྤྱི་པའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། ཁེ་དམངས་གཉིས་ཕན་གྱི་སྲིད་ཇུས་དང་ཞབས་ཕྱི་རེ་ཞུ་མི་དགོས་པར་ལོངས་སུ་སྤྱོད་པ་དང་ཐད་ཀར་མྱུར་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། དམངས་གཉེར་ཁེ་ལས་ལ་འཕེལ་རྒྱས་ཀྱི་སེམས་ཁྲལ་སེལ་བ་དང་། ཁོར་ཡུག་གི་གནོན་ཤུགས་སེལ་བ། རོགས་སྐྱོར་གྱི་སྐོམ་པ་སེལ་བར་འབད་དགོས།
ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏང་དགོས། སྤུས་ཚད་མཐོན་པོས་“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་ལ་རྒྱབ་སྐྱོར་བྱེད་པའི་འགུལ་སྐྱོད་ཁག་བརྒྱད་དོན་འཁྱོལ་བྱས་ནས། “ལྷོ་ནུབ་གཉིས་སུ་ཕྱི་ཕྱོགས་སྒོ་འབྱེད”ཀྱི་བགྲོད་ལམ་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པ་དང་། ཀྲུང་ནེའི་ཚོང་དོན་སྐམ་སའི་བགྲོད་ལམ་གྱི་མཉམ་ལས་ཇེ་བརྟན་དུ་གཏང་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་བྱེད་ནུས་ཇེ་ཆེར་གཏོང་བ་དང་། ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ལྟེ་བའི་ལས་གྲྭ་མགྱོགས་མྱུར་བསྐྲུན་པར་སྐུལ་འདེད་གཏང་དགོས། རྒྱལ་སྤྱིའི་ཟོང་འདྲེན་དུས་གཏན་མེ་འཁོར་དང་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་ཆེད་སྤྱོད་མེ་འཁོར་གྱི་སྤུས་འདེགས་དང་ཤོང་སྐྱེད་ལ་སྐུལ་འདེད་གཏང་དགོས། ཕྱི་ནང་གི་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་འབུར་དུ་ཐོན་པར་བྱས་ནས། “དངུལ་གཏོང་ཀྲུང་གོའི”མཚོ་སྔོན་འགུལ་སྐྱོད་དང་“མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་ཕྱིར་བསྐྱོད་པའི་འགུལ་སྐྱོད་སྤེལ་བ་དང་། བར་གནས་ཐོན་རྫས་ཉོ་འཚོང་དང་ལྗང་མདོག་ཉོ་འཚོང་ཧུར་ཐག་གིས་འཕེལ་རྒྱས་སུ་གཏང་དགོས་ལ། ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ལྡན་པའི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་20གསར་དུ་གསོ་སྐྱོང་བྱ་དགོས། མཚོ་སྔོན་ཚོང་གཏམས་ཚོགས་འདུ་དང་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་འགྲེམ་ཚོགས་ཟླ་སྒྲིལ་ལེགས་པོ་བྱེད་པ་དང་། ཕྱི་དོན་ཕྱིར་སྡོད་རང་མིའི་བྱ་བར་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་དང་བེད་སྤྱོད་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།
(ལྔ) གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་དམིགས་པ་གཏད་དེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་སྤེལ་ཤུགས་ཆེན་གཏང་དགོས། “སྟོང་སྡེ་ཁྲི་སྡེའི་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དོན་དངོས་ཁག་གཅིག་ལེགས་པོར་བསྒྲུབ་དགོས།
ལྷོད་གཡེང་སྤུ་ཙམ་མེད་པར་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱ་དགོས། རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས་“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོབ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་རྒྱ་ཁྱོན་རེའི་ཐོན་ཚད་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱ་དགོས། འབྲུ་སྣུམ་འདེབས་ཁྱོན་མུའུ་ཁྲི་665ཡན་བརྟན་པོ་ཡོང་བར་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མ་དངུལ་གཏོང་འཇོག་དང་དོ་དམ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཚོད་ལྟའི་གནས་སྤེལ་བ་དང་། འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། “སྤྱིལ་ཁང་ཆེན་མོའི”གནད་དོན་བསྐྱར་ལོག་མི་འབྱུང་བ་སྔོན་འགོག་བྱ་དགོས། མཐོ་སྒང་གི་ཁྱད་ལྡན་སོན་རིགས་དར་སྤེལ་འགུལ་སྐྱོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ནོར་ལུག་གི་རང་རྒྱུད་འདེམས་གསོ་དང་བཟང་སྒྲུག་བསྐྱར་གསོ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ལོ་ཏོག་གི་སོན་བཟང་འདེབས་གསོ་རྟེན་གཞི་མུའུ་ཁྲི་30ཡན་བསྐྲུན་དགོས། ཞིང་ལས་ཆེན་མོའི་ལྟ་བ་དང་ཟས་རིགས་ཆེན་མོའི་ལྟ་བ་བཙུགས་ཏེ་རྒྱུ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་སྐྱོང་བྱ་དགོས།
གནད་འཁེལ་དངོས་གཉེར་གྱིས་གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་དམིགས་ནས། “ཡིག་གཅིག་ཐོ་གཅིག་ཁས་ལེན་གཅིག་”ཟབ་སྤེལ་དང་། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་འཇལ་དང་རོགས་སྐྱོར་རྐྱེན་སྲོལ་དོན་འཁྱོལ་བྱ་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། རོང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད། དབུལ་ལོག་སྔོན་འགོག་གི་ལས་ཞུགས་འགག་སྒྲོལ་སོགས་ཀྱི་འགུལ་སྐྱོད་ཏན་ཏིག་ངང་སྤེལ་དགོས། ནོར་དང་ལུག ནས། པད་ཁ། འཕང་འབྲས། སྣེའུ་འབྲས་སོགས་དགེ་མཚན་ལྡན་པའི་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། དབྱར་རྩྭ་དགུན་འབུ་དང་ཤ་སེར། གྲོ་མ་སོགས་ཁྱད་ལྡན་ཐོན་ལས་ཇེ་ཞིབ་ཇེ་ལེགས་སུ་གཏང་དགོས། “མཛེས་པའི་གྲོང་གསེབ”ལ་ཞིང་ལས་དང་རིག་གནས། ཡུལ་སྐོར་སོགས་“སྣོན་པའི”ལས་རྣམ་གསར་པ་གསར་གཏོད་དང་སྐྱེད་སྲིང་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་“སྡེ་བ་དར་རྒྱས་གཏོང་བའི”ལས་གྲྭ་ལག་བསྟར་བཟང་བོ་བྱེད་པ་དང་། རྣམ་པ་མང་པོའི་ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། འཛད་སྤྱོད་རོགས་སྐྱོར་གྱིས་ཞིང་སྐྱོར་དང་། གློག་རྡུལ་ཚོང་དོན་ཐད་གཏོང་གིས་ཞིང་སྐྱོར་འགུལ་སྐྱོད་སྤེལ་བའི་དངོས་འབྲས་ཇེ་མཐོར་གཏོང་བ་དང་། གྲོང་གསེབ་ཐོན་ལས་ཀྱི་དཔེ་སྟོན་སྡེ་བ་200བསྐྲུན་ནས་ཡོང་འབབ་འཕར་བ་དང་ཕྱུགས་པོར་འགྱུར་བའི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་དེ། རྒྱ་ཆེའི་རོང་འབྲོག་པའི་ཡོང་འབབ་སྔར་བས་ཇེ་མང་དང་། འཚོ་བ་སྔར་བས་ཇེ་ལེགས་སུ་གཏང་དགོས།
གོ་རིམ་ལྡན་པའི་སྒོ་ནས་གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་དང་མཐོར་འདེགས་འགུལ་སྐྱོད་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། འཚོ་བའི་གད་སྙིགས་རིགས་དབྱེ་བསྡུ་ལེན་དང་སྐྱེལ་འདྲེན་ཐག་གཅོད་མ་ལག་འཐུས་ཚང་དུ་གཏང་དགོས་ལ། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་དོ་དམ་ཚོད་འཛིན་བྱེད་ཕྱོད་20%ཡན་ལ་སླེབ་དགོས་ལ། ཡུལ་བབ་དང་བསྟུན་ཏེ་དུད་ཚང་གི་འཕྲོད་བསྟེན་སྤྱོད་ཁང་ཁག་ཅིག་གསར་སྐྲུན་བྱ་དགོས། ཆུ་མཁོ་འདོན་གྱི་ཆུ་སྤུས་མཐོར་འདེགས་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། རོང་འབྲོག་པའི་དུད་ཚང་ཁྲི་4ཡི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏང་དགོས་ལ། མཐུན་མཛེས་དཔེ་སྟོན་སྡེ་བ་300བསྐྲུན་དགོས། རོང་འབྲོག་ཁུལ་གྱི་གློག་དྲ་སྲ་བརྟན་མཐོར་འདེགས་ལས་གྲྭ་གཏིང་ཟབ་ཏུ་ལག་བསྟར་བྱས་ནས། ཐེམ་ཆེན་རྫོང་སུ་རུ་ཤང་དུ་ལོ་འདི་ནང་གློག་དྲ་ཡོངས་སུ་ཁྱབ་པར་བྱེད་པ་དང་། ཡུལ་ཤུལ་ཁུལ་གྱི་གློག་དྲ་ཆེན་མོ་འཐེན་མེད་པའི་ཤང་གཞན་པ་9ལ་གློག་དྲ་ཕྲན་གྲས་ཀྱི་གློག་འདོན་པའི་ལས་གྲྭ་མགྱོགས་མྱུར་ངང་བསྐྲུན་དགོས། སྐར་བསགས་ལམ་ལུགས་དང་གསལ་ཐོའི་ལམ་ལུགས་སོགས་དངོས་གཉེར་གོ་ཆོད་ཀྱི་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་དུ་གཏོང་བ་དང་། སྲོལ་བརྗེ་ལུགས་སྒྱུར་གྱི་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་དགོས་ལ། གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་སྡེ་བ་100གསར་འཛུགས་བྱས་ཏེ། ཞིང་སྡེ་འབྲོག་ཁུལ་དེ་རོང་འབྲོག་མང་ཚོགས་ཀྱི་སེམས་ཀྱི་འཚོ་ས་དང་ཡིད་ཀྱི་བརྟེན་སའི་དགའ་སྐྱིད་ཁྱིམ་གཞིས་སུ་སྐྲུན་པར་འབད་དགོས།
(དྲུག)མཉམ་འདྲེས་མཉམ་འགུལ་མཉམ་སྤྱོད་བཅས་ལ་དམིགས་པ་གཏད་དེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས། རྒྱལ་ཁབ་ཀྱི་ས་ཁོངས་འཐབ་ཇུས་གལ་ཆེན་ལ་མཉམ་འདྲེས་གཏིང་ཟབ་བྱས་ནས་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། ལེགས་ཆ་གསབ་རེས་དང་ཁྱད་ལྡན་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏང་དགོས།
ཁྱད་ཆོས་འབུར་ཐོན་གྱིས་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ལ་སྐུལ་སྤེལ་བྱ་དགོས། “ལྟེ་བ་གཉིས་གཞུང་རྐང་གཅིག་བཙན་ས་གཅིག”གི་ས་ཁོངས་ཀྱི་སྤྱིའི་བཀོད་པར་དམིགས་ནས། ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཁྱུ་ཚོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱེད་པ་དང་། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ་དོན་འཁྱོལ་བྱ་དགོས་ལ། ན་གོར་མོའི་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དཀྱིལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏང་དགོས། གུང་ཧོ་གཤོང་ས་ཡོངས་དང་མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར། སྐྱེ་ཁམས་ཞིང་ཕྱུགས། ནུས་ཁུངས་གཙང་མ། གཞི་གྲངས་ཆེན་མོའི་ཐོན་ལས་སོགས་ལྗང་མདོག་འཕེལ་རྒྱས་ཀྱི་འགུལ་ནུས་ཇེ་དྲག་ཏུ་གཏང་དགོས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག་ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་རྒྱ་བསྐྱེད་གཏོང་བར་རྒྱབ་སྐྱོར་བྱ་དགོས་ལ། ས་གནས་སོ་སོའི་བསྡུར་མངོན་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། མཉམ་དུ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དབུལ་དགོས།
མི་རྩ་བར་བཟུང་སྟེ་མཁར་གྲོང་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། “ཁྱུ་གཅིག་ཁུལ་གཉིས་གནས་མང”གི་མཁར་གྲོང་ཅན་གྱི་བར་སྟོངས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཁར་གྲོང་ཅན་གསར་པའི་འཐབ་ཇུས་འགུལ་སྐྱོད་དོན་འཁྱོལ་བྱ་དགོས། གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་དང་གྲོང་ཁྱེར་གྱི་སྲོག་རྩའི་ལས་གྲྭ་ལག་བསྟར་བྱེད་པ་དང་། ས་འོག་གི་སྦུག་དྲ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏང་དགོས། མཁར་གྲོང་གི་གཞིས་ཁུལ་རྙིང་བའི་སྡོད་ཁང་ཁྲི་2.75སྒྱུར་བཀོད་བྱེད་པ་དང་། གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས། འཚོ་སྡོད་ལ་འཚམ་ཞིང་གནོད་འཚེ་བཟློག་ནུས་པའི་རིག་ལྡན་གྲོང་ཁྱེར་བསྐྲུན་དགོས། རྫོང་མཁར་གྱི་ཆད་གསབ་ཞན་གསོའི་འགུལ་སྐྱོད་ལག་བསྟར་བྱས་ནས། ལྗང་མདོག་ཐཱན་ཉུང་གི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ལྟེ་བའི་མཁར་གྲོང་གི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཇེ་ཆེར་གཏང་དགོས། ཐེམ་ཐོ་བཀོད་མེད་པའི་རྒྱུན་སྡོད་མི་འབོར་གྱིས་འདྲ་མཉམ་སྒོས་མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ལོངས་སྤྱོད་པར་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་རྒྱུན་སྡོད་མི་འབོར་རྣམས་རིམ་གྱིས་སྡོད་ཁང་འགན་སྲུང་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་བཞག་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཐག་སྔར་བས་ཉེ་བ་དང་། ཁོར་ཡུག་དེ་བས་མཛེས་པ། འཚོ་བ་དེ་བས་ཡག་པོ་ཡོང་བ་བཅས་བྱ་དགོས།
ཕན་ཚུན་གཉིས་ཕན་གྱི་སྒོ་ནས་མཉམ་ལས་དང་སྤེལ་རེས་གཏིང་ཟབ་བྱ་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་གཏིང་ཟབ་ཏུ་ཞུགས་པ་དང་། ཁ་གཏད་མཚོ་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་མཉམ་ལས་ཀྱི་ནུས་རིམ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། སློབ་གསོ་དང་། སྨན་བཅོས། རིག་སྟོབས། ཐོན་ལས། ཚན་རྩལ་བཅས་ཀྱི་“ཚོགས་སྒྲིག་རྣམ་པའི”མཚོ་སྐྱོར་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་པུའུ་ཨུ་དང་། ཀྲུང་དབྱང་ཁེ་ལས། ཁ་གཏད་མཚོ་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཉེ་འཁོར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅས་ལ་འཐབ་ཇུས་མཉམ་ལས་བྱེད་པའི་སྒྲོམ་གཞིའི་གྲོས་ཆིངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་ནུས་ཁུངས་གཙང་མ། གྲངས་འཛིན་དཔལ་འབྱོར། ཚན་རྩལ་གསར་གཏོད། འཇོན་མི་འདྲེན་སྐྱོང་། རྨང་གཞིའི་སྒྲིག་བཀོད། རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏང་དགོས། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་གྱི་ལས་འགན་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ཟོང་འདྲེན་ལྟེ་བའི་ཕྲེང་གསབ་ཕྲེང་རྒྱས་གྲོང་ཁྱེར་མཉམ་དུ་བསྐྲུན་དགོས།
(བདུན)མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་པ་གཏད་དེ། ཧུར་ཐག་གིས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གོ་གནས་མཐོ་ཤོས་སུ་བཞག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་འཚོའི་བདེ་སྐྱིད་འཕེལ་བར་བྱེད་པ་དང་། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་མང་པོ་སྔར་བས་དྲང་གཞག་གི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་ཕན་པར་བྱ་དགོས།
ལས་ཞུགས་སྔོན་འཇོག་དང་ཕྱོགས་སྟོན་ཡིན་པ་སྔར་བས་འབུར་དུ་ཐོན་པར་བྱ་དགོས། ལས་ཞུགས་ལས་གཏོད་ཀྱི་སྤུས་འདེགས་ནུས་སྤེལ་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ནས། “མཚོ་སྔོན་eལས་ཞུགས”ཀྱི་ཁྱད་ལྡན་ཟོང་རྟགས་སྐྲུན་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་སྐུལ་སྤེལ་འཆར་གཞི་དང་། ལས་ཞུགས་ཞབས་ཕྱིའི་འགག་སྒྲོལ་འགུལ་སྐྱོད་སྤེལ་བ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་ཁྲི་1ཡན་འདོན་སྤྲོད་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཐོ་བཀོད་ལས་ཞུགས་ཕྱོད་85%ཡན་དུ་རྒྱུན་འཁྱོངས་བྱ་དགོས། གུད་ཚབ་ལས་སྤྲོད་ཀྱི་ལས་གཞི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་ཞུགས་ཀྱི་མཐའ་སྐྱོང་རོགས་སྐྱོར་མུ་མཐུད་དུ་ཡག་པོ་བྱས་ནས། ལས་ཞུགས་མེད་པའི་ཁྱིམ་ཚང་འགུལ་རྣམ་དུ་མི་ཐོན་པ་ཁག་ཐེག་བྱ་དགོས། ལས་རིགས་ཀྱི་རྩལ་ནུས་མཐོར་འདེགས་འགུལ་སྐྱོད་སྤེལ་ནས། མི་ཐེངས་ཁྲི་9ལ་ནུས་ལྡན་གོ་ཆོད་ཀྱི་ཁ་གསབ་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་བྱ་དགོས། འཐེན་ཐུག་དང་མཚོ་དྲུབ། ཁྱིམ་ལས་སོགས་ཁྱད་ལྡན་ང་ལ་ལས་ཀྱི་ཟོང་རྟགས་གཏོད་པ་དང་། སྤྱི་ཕན་་རང་བཞིན་གྱི་ཉིན་གླའི་ཁྲོམ་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཉིན་གླ་རྒྱག་ན་“ལམ་ཁར་འགྲེང”མི་དགོས་པ་དང་། ལས་ཞུགས་ཞབས་ཕྱིར་སྔར་བས་དྲོད་ཁོལ་ལྡན་པ་བྱ་དགོས།
མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་གཉེར་དགོས། དཔེ་འཛུགས་མི་སྐྱོང་ལས་གྲྭར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སློབ་སྔོན་སློབ་གསོའི་ཀུན་ཕན་འགན་སྲུང་དང་། འགན་བབས་སློབ་གསོ་སྤུས་ལེགས་དོ་མཉམ། མཐོ་འབྲིང་དཀྱུས་མ་འཕེལ་རྒྱས་མཐོར་འདེགས་བཅས་ཀྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱ་དགོས། “སྙུང་གཉིས”གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དམིགས་བསལ་སློབ་གསོའི་ཀུན་ཕན་ངང་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྣན་དགོས། བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་200ལྷག་གསར་སྐྲུན་དང་རྒྱས་སྐྲུན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། མཐོ་རིམ་སློབ་གསོའི་ནང་རྒྱས་མཐོར་འདེགས་དང་། ལས་རིགས་སློབ་གསོའི་མཐོར་འདེགས་ལེགས་སྐྱོང་ལས་གྲྭ་ལག་བསྟར་བྱེད་པ་དང་། འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་རེ་ཞུའི་འགག་སྒྲོལ་འགུལ་སྐྱོད་སྤེལ་དགོས། མཐོ་རིམ་ལས་རིགས་སློབ་གླིང་3གནས་སྤོ་འཛུགས་སྐྲུན་བྱེད་པའི་ལས་གཞི་མགྱོགས་པོར་ལག་ཏུ་བསྟར་བ་དང་། ཞིང་ཆེན་རིམ་པའི་གྲོང་ཁྱེར་མངའ་ཁོངས་ཀྱི་ཐོན་ལས་དང་སློབ་གསོ་མཉམ་འབྲེལ་ལས་ཁུངས་དང་། ལས་རིགས་ཀྱི་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཐུན་ཚོགས་འཛུགས་པ་དང་། མཚོ་སྔོན་གྱི་རྩིས་ཚན་སློབ་ཆེན་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ལ་ཆོག་མཆན་ཐོབ་ནས་སློབ་མ་བསྡུ་ཐུབ་པར་བརྩོན་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་དང་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། སློབ་གསོ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོ་བཏང་ནས། བྱིས་པ་ཚང་མ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། ཚང་མ་སྤྱི་ཚོགས་ལ་ཕན་ཐོགས་པའི་ཤེས་ལྡན་མི་སྣར་འགྱུར་བར་བརྩོན་དགོས།
མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་སྔར་བས་ལེགས་པོ་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་བདེ་ཐང་མཚོ་སྔོན་འགུལ་སྐྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ནད་རིགས་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་མཐོར་འདེགས་འགུལ་སྐྱོད་སྤེལ་བ་དང་། ཐུམ་འབུའི་ནད་དང་། བྱི་ནད། གློ་གཅོད་ནད་སོགས་འགོས་ནད་འགོག་སྡོམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་བཙུགས་ནས་ལས་གཉེར་བྱེད་པ་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས་མགྱོགས་པོ་བསྐྲུན་དགོས། གཞུང་གཉེར་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་སྤེལ་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཚགས་དམ་པའི་རྫོང་ཁོངས་ཀྱི་སྨན་ཞབས་ཐུན་ཚོགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱག་དགོས། སྨན་བཅོས་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། རིམ་དབྱེའི་བརྟག་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞིང་ཆེན་རིམ་པས་གཅིག་འདོམས་བྱེད་པར་སྐུལ་འདེད་བྱ་དགོས། སྨན་རྫས་ཟད་རྒྱུ་གཅིག་བསྡུས་ཚད་ཉོ་སྒྲུབ་བྱེད་པའི་སྤུས་ཚད་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་ལ། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ལ་ཕྱོགས་མཐའ་ཀུན་དང་འཁོར་ཡུན་ཡོངས་སུ་བདེ་ཐང་ཞབས་ཕྱི་འདོན་སྤྲོད་བྱེད་པར་བརྩོན་དགོས།
སྤྱི་ཚོགས་འགན་སྲུང་གི་ཞབས་ཕྱིར་ཤུགས་སྣོན་བརྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་“མང་སྤྲད་མང་ཐོབ་དང་། ཡུན་སྤྲད་མང་ཐོབ”ཡིན་པའི་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་གཏང་བ་དང་། མི་སྒེར་གྱི་རྒན་གསོའི་མ་དངུལ་ལམ་ལུགས་དོན་འཁྱོལ་དང་། ལས་ཤོར་དང་ལས་རྨས་འགན་བཅོལ་ལ་ཞིང་ཆེན་རིམ་པས་གཅིག་འདོམས་བྱེད་པ་འཐུས་ཚང་དུ་གཏང་དགོས་ལ། དྲ་འབོད་གླ་འཁོར་ཁ་ལོ་བ་དང་མྱུར་སྐྱེལ་པ། ཉོ་སྐྱེལ་པ་བཅས་དེ་བས་མང་པོ་སྤྱི་ཚོགས་འགན་བཅོལ་ཁྲོད་ཞུགས་སུ་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་རྒན་གསོའི་ཞབས་ཕྱིའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ཟས་རིགས་རོགས་སྐྱོར་དང་ཉིན་མོའི་ལྟ་སྐྱོང་བྱེད་ནུས་ལྡན་པའི་སྡེ་བ་རིམ་པའི་རོགས་རེས་རྒན་གསོའི་ས་ཚིགས་100བསྐྲུན་དགོས། དཀའ་ངལ་ཡོད་པའི་རྒན་རྒོན་ཁྱིམ་ཚང་1500ལ་རྒན་པར་འཚམ་པའི་སྒྱུར་བཀོད་བྱེད་པ་དང་། དབུ་དཀར་དཔལ་འབྱོར་ཧུར་ཐག་གིས་གསོ་སྐྱོང་བྱ་དགོས། ཕྲུ་གུ་བཙའ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཐབས་བཀོད་ལག་ཏུ་བསྟར་བ་དང་། ཀུན་ཕན་བུ་བཅོལ་ཞབས་ཕྱིའི་ཆེད་དམིགས་འགུལ་སྐྱོད་ལག་བསྟར་བྱེད་ཅིང་། ཕྲུ་གུར་ལྟ་སྐྱོང་བྱེད་པའི་ཞབས་ཕྱི་སྒྲུབ་ཤུགས་ཇེ་ཆེར་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཉེ་འཁོར་གྱི་ཆ་སྡེབ་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། བྱིས་པ་སྐྱེལ་ལེན་བྱེད་པའི་ཁྱིམ་བདག་ལ་སྟབས་བདེ་སྔར་བས་མང་པོ་བསྐྲུན་དགོས། སྐོར་སྐྱོད་བྱིས་པ་དང་། གཞིས་སྲུང་བྱིས་པ། བུད་མེད། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞབས་ཕྱི་ལེགས་པོར་བསྒྲུབ་དགོས། ཡོང་འབབ་ཉུང་བའི་མི་འབོར་ལ་འགུལ་རྣམ་ལྟ་འཇལ་བྱེད་པར་ཤུགས་སྣོན་པ་དང་། རིམ་པ་དང་རིགས་བགོས་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས། དམངས་འཚོའི་མཐའ་སྐྱོང་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་བས་ཚགས་དམ་པ་དང་སྔར་བས་ཇེ་བརྟན་དུ་གཏང་དགོས།
རིག་གནས་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་དུ་གཏང་དགོས། དེང་རབས་སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ལས་གྲྭ་ལག་བསྟར་བྱ་དགོས། གཟུགས་འདས་ཤུལ་བཞག་ལས་གཞིའི་མ་ལག་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པ་དང་། མཐོ་སྒང་གི་མི་རིགས་སོ་སོའི་ཕུལ་བྱུང་གི་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་སྔོག་འདོན་དང་དར་སྤེལ་གཏང་དགོས། རྨ་ཙོང་དང་རེབ་གོང་སོགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དངོས་བཤེར་ཁུལ་འཛུགས་སྐྲུན་ལེགས་པོ་བྱ་དགོས་པ་དང་། ཁུ་ནུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་དང་འབྲི་ཆུ། ལྕགས་རི་རིང་པོ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་མཚམས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས་པ་དང་། རིག་དངོས་དང་དཔེ་རྙིང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏང་དགོས། རིག་རྩལ་སྤུས་ལེགས་གསར་གཏོད་ཐོན་སྐྱེད་ཀྱི་“ཁུ་ནུ་འཆར་གཞི”ལ་སྐུལ་འདེད་གཏོང་བ་དང་། རིག་ལྡན་རྒྱང་སྒྲོག་བརྙན་འཕྲིན་གྲོང་གསེབ་ཏུ་སྤེལ་བའི་ལས་གྲྭ་ལག་བསྟར་བྱ་དགོས། རིག་རྩལ་གྲོང་གསེབ་ཏུ་སྤེལ་བ་དང་རབ་མཛེས་མཚོ་སྔོན་གྱི་རིག་རྩལ་སྐྱ་དམག་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱང་སྒྲོག་བརྙན་འཕྲིན་དང་། དྲ་རྒྱའི་བལྟ་ཉན། གསར་འགྱུར་དཔེ་སྐྲུན། ལོ་རྒྱུས་ཡིག་ཚགས་སོགས་ཀྱི་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏང་དགོས། མཁར་གྲོང་སྡེ་ཁུལ་གྱི་སྐར་མ་ཡི་ལུས་སྦྱོང་ཁུལ་15གཏོད་པ་དང་། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་ཟོང་རྟགས་ལྡན་པའི་འགྲན་བསྡུར་རྒྱུན་མཐུད་ངང་ལེགས་པོར་སྤེལ་དགོས། “དུས་བཞིའི་སྡེ་བའི་དགོང་ཚོགས”དང་གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོ་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཧུར་བརྩོན་ཡར་སྐྱེད་དང་དཔལ་ཡོན་སྐྱོན་བྲལ་གྱི་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་པ་དེ་ཁྲིད་བྱེད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་“བཅུ་སྐྱོད”བྱེད་སྒོ་སྤེལ་ནས། སྔར་བས་བཟོ་ལྟ་ཆགས་པ་དང་ཚོར་སྣང་ཡོད་པ། ཕན་འབྲས་ཐོན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་“མཚོ་སྔོན་མ་དཔེ”གཏོད་དགོས། མི་རིགས་སོ་སོ་འགྲོ་འོང་དང་འབྲེལ་འདྲིས་དང་མཉམ་འདྲེས་བྱེད་པའི་“འཆར་གཞི་གསུམ”དང་“འགུལ་སྐྱོད་བཅུ”མུ་མཐུད་དུ་སྤེལ་བ་དང་། “ལས་སྟེགས་གཉིས་དང་ཐེག་བྱེད་བཞི”ལེགས་པོར་བསྐྲུན་དགོས་ལ། གྲོང་ཁྱེར་གྱི་མི་རིགས་བྱ་བ་ཟབ་སྤེལ་བྱས་ནས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་ཅིག་བསྐྲུན་དགོས། གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་གཞི་མགྱོགས་མྱུར་གྱིས་ལག་བསྟར་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཟོང་རྟགས་དར་ཞིང་རྒྱས་པར་སྐྱེད་སྲིང་བྱ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་“མཚོ་སྔོན་ལག་ལེན”གཏིང་ཟབ་ཏུ་སྤེལ་བ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་བསྟུན་པར་ཧུར་ཐག་གིས་སྐུལ་ཁྲིད་བྱས་ཏེ། མི་རིགས་འགྲིག་མཐུན་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏང་དགོས།
ས་ཡོམ་གྱི་གནོད་རྗེས་སླར་གསོ་དང་བསྐྱར་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་དགོས། རྒྱལ་ཁབ་ཀྱིས་མཛུབ་སྟོན་དང་། ཞིང་ཆེན་རིམ་པས་གཅིག་འདོམས། གྲོང་ཁྱེར་དང་རྫོང་གིས་གཙོ་འགན་འཁུར་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སྔར་བས་བརྩེ་སེམས་ཟབ་མོས་མང་ཚོགས་དགུན་བརྒལ་བར་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། ས་གཤིས་གནོད་འཚེ་ཐེབས་གནས་ལ་ལྟ་འཇལ་དང་ཉེན་སེལ་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྒྱལ་ཁབ་ཀྱི་སླར་གསོ་བསྐྱར་སྐྲུན་འཆར་འགོད་དང་རང་ཞིང་གི་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། བསྐྱར་སྐྲུན་མ་དངུལ་ཕྱོགས་མང་པོ་ནས་གྲབས་གསོག་དང་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། གཞན་ལ་མི་སྒུག་མི་རེ་བར་སྔ་ས་ནས་དམ་འཛིན་དོན་འཁྱོལ་བྱ་དགོས། སྔོན་ལ་ལས་མགོ་བརྩམས་པའི་སློབ་གསོ་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ལས་གཞིར་སྐུལ་འདེད་ཏན་ཏིག་གཏང་དགོས། ལས་གཞི་གཞན་དག་ཟླ་3པའི་ནང་ཕྱོགས་ཡོངས་ནས་ལས་མགོ་རྩོམ་པ་དང་། གཏོར་བརླག་ཐེབས་པའི་སྡོད་ཁང་བསྐྱར་སྐྲུན་དང་གནས་སྤོར་བྱ་བ་ཟླ་12པའི་ཟླ་མཇུག་གི་སྔོན་ལ་ལེགས་འགྲུབ་བྱས་ཏེ། ཏང་ཀྲུང་དབྱང་གིས་ཁས་ལེན་པ་དང་མང་ཚོགས་ཀྱིས་ཁས་ལེན་པ། ལོ་རྒྱུས་ཀྱིས་ཁས་ལེན་པ་བཅས་བྱས་ནས། གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་གཞིས་གསར་པ་སྔར་བས་མཛེས་ཤིང་འཚོ་བ་སྔར་བས་སྐྱིད་པོ་ཡིན་པར་བྱ་དགོས།
འཐུས་མི་རྣམ་པ། ང་ཚོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། རིགས་ཆེན་པོ་བཅུའི་དམངས་འཚོའི་དོན་དངོས་44མུ་མཐུད་དུ་བཀོད་སྒྲིག་དང་ལག་བསྟར་བྱས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་“གནད་ཆེ་བའི་དོན་ཆུང”དག་མང་ཚོགས་ཀྱི་“སེམས་དྲོ་བའི་དོན་ཆེན”ལ་བརྩིས་ཏེ། མི་རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་སྔར་བས་མོད་པ་དང་སྐྱིད་སྣང་སྔར་བས་རྒྱུན་རིང་བ། བདེ་སྣང་སྔར་བས་འགན་སྲུང་ཡོད་པ་བྱ་རྒྱུ་ཡིན།
(བརྒྱད)འགན་སྲུང་སྟོབས་ལྡན་དང་ཉེན་ཁ་སྔོན་འགོག་བྱེད་པར་དམིགས་པ་གཏད་དེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏང་དགོས། ཚད་མཐའ་འཛིན་སེམས་དང་མུ་མཐའ་སྙེགས་སེམས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “གཅིག་ཅན་བཅུའི”བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་ཚད་སྔར་བས་མཐོ་བའི་བདེ་འཇགས་མཚོ་སྔོན་མུ་མཐུད་དུ་འཛུགས་སྐྲུན་བྱ་དགོས།
ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། ནུས་ཁུངས་ཀྱི་ཐོན་སྐྱེད་འདོན་སྤྲོད་ཉར་གསོག་ཕྱིར་འཚོང་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤིན་ཅང་གི་རྡོ་སོལ་མཚོ་སྔོན་དུ་འདྲེན་པའི་ཐབས་ལམ་ཇེ་བརྟན་དུ་གཏང་དགོས་ལ། སྲིད་གཞུང་གིས་རྡོ་སོལ་གྲབས་གསོག་ལ་བཀོད་གཏོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཆའོ་ཐིག་དང་། ན་གོར་མོ། ཡུས་ཆ་སོགས་མེ་གློག་གི་འདེགས་སྐྱོར་རང་བཞིན་དང་ལེགས་སྒྲིག་རང་བཞིན་གྱི་གློག་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཞིང་ཆེན་བརྒལ་བའི་གློག་ཤུགས་ཉོ་འཚོང་ལ་གོ་རིམ་ལྡན་པའི་ངང་རྩ་འཛུགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གློག་མཁོ་འདོན་བརྟན་པོ་ཡོང་བར་འགན་སྲུང་བྱ་དགོས། སེ་པེ་རླངས་ཞིང་གི་ཐོན་ཚད་བརྟན་པའི་དཔེ་སྟོན་སོགས་ཀྱི་ལས་གཞི་ལག་བསྟར་དང་། སྲིད་གཞུང་གི་རླངས་གསོག་སྒྲིག་བཀོད་བསྐྲུན་ནས་ལས་གཉེར་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་བྱུང་སོལ་རླངས་ཀྱི་ཐོན་ཚད་སྨི་རྒྱ་དཔངས་དུང་ཕྱུར་58ཡན་དུ་སྲུང་འཛིན་བྱ་དགོས། སྐོར་གསར་པའི་གཏེར་འཚོལ་ཐོད་རྒལ་གྱི་འཐབ་ཇུས་འགུལ་སྐྱོད་དང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྤུས་འདེགས་ནུས་སྤེལ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་གྲབས་གསོག་སྲུང་སྐྱོབ་དང་རིམ་ཡོད་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་བརྒྱག་དགོས།
དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱ་དགོས། ས་གནས་བུ་ལོན་གྱི་ཉེན་ཁ་སེལ་ཐབས་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་ངང་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་ལེགས་པོ་བྱེད་ཅིང་། བུ་ལོན་སེལ་བྱེད་ཀྱི་ཀུན་འདུས་ཐབས་བཀོད་དོན་འཁྱོལ་ནན་མོ་བྱས་ཏེ། འཕར་ཚད་མཐའ་གཅིག་ཏུ་འགོག་པ་དང་བསགས་འབོར་འོས་འཚམ་གྱིས་སེལ་ནས་ལོ་འཁོར་གྱི་བུན་སེལ་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་གཞུང་གི་བུ་ལོན་དོ་དམ་རྐྱེན་སྲོལ་གཟུག་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཁྲིམས་འགལ་གྱི་དངུལ་རྩའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་ཞིང་། དངུལ་རྩའི་ལས་ཁུངས་འབྲིང་ཆུང་གི་བཅོས་སྒྱུར་གྱི་ཉེན་ཁ་སེལ་བར་གཟབ་ནན་གྱིས་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ལྡོག་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོ་སྐོང་བ་དང་། ཐོན་ལས་གླིང་ཁུལ་གྱི་བོགས་ཉོ་མཉམ་འཛིན་གྱི་སྡོད་ཁང་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱ་དགོས། ངེས་སྤྲོད་ཐོག་ཁང་གི་བྱ་བར་མུ་མཐུད་དུ་དམ་འཛིན་བྱས་ནས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་འཇགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
ཉེན་མེད་ཐོན་སྐྱེད་དང་གནོད་འགོག་གནོད་སྐྱུང་གི་བྱ་བར་དམ་འཛིན་བྱ་དགོས། ཉེན་མེད་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་“འགུལ་སྐྱོད་ཆེན་པོ་བརྒྱད”གཏིང་ཟབ་ཏུ་སྤེལ་བ་དང་། མངོན་མེད་ཉེན་ཁར་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་འགུལ་རྣམ་དོ་དམ། སྔོན་བརྒལ་བཅོས་སྐྱོང་བཅས་བྱེད་པར་ཤུགས་བསྣན་ནས། བདེ་འཇགས་ཐད་ནས་དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཆེ་བ་འབྱུང་བར་མཐའ་གཅིག་ཏུ་སྔོན་ཟོན་དང་གཏན་འགོག་བྱ་དགོས། ཟས་རིགས་དང་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱ་དགོས། རང་བྱུང་གནོད་འཚེའི་འཚུབ་ཟློག་ནུས་པ་མཐོར་འདེགས་ལས་གྲྭ་ལག་བསྟར་བྱེད་པ་དང་། འཚུབ་ཟློག་བཀོད་འདོམས་དང་། དངོས་ཟོག་འགན་སྲུང་། ཉེན་སེལ་རོགས་སྐྱོབ་བཅས་ཀྱི་མ་ལག་སྟོབས་ཆེར་འཛུགས་པ་དང་། ས་ཡོམ། ཆུ་ལོག ཐན་པ། ས་གཤིས་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་ཀྱི་འགོག་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་རིམ་འཕར་ཉེན་བརྡ་གཏོང་བ་དང་། རིམ་དབྱེ་བཀོད་གཏོང་བྱེད་པའི་“གཉིད་དཀྲོག་བརྡ་གཏོང”དང་“རམ་འདེགས་བརྡ་གཏོང”རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་དགོས།
སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཇེ་ཆེར་གཏང་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་ལག་བསྟར་བྱ་དགོས། ཞུ་དོན་སྣེ་ལེན་དང་གཤམ་འདྲི་བྱེད་པ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། ཡིག་སྐུར་ངོ་བཅར་གྱི་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་མཉམ་སྒྲུབ་སྐུལ་འདེད་བྱ་དགོས། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་མཐུན་ལྟར་དུས་ཐོག་ཏུ་ཐག་གཅོད་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། “ལྔ་བརྒྱད” ཁྲིམས་ཁྱབ་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་གསེབ་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། ལངས་གཟུགས་ཅན་དུ་སྣང་ཞིང་རྣམ་ཀུན་ཏུ་ཡོད་པའི་སྤྱི་ཚོགས་བདེ་སྐྱོང་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་དང་། ནག་འབྲེལ་ངན་འབྲེལ། “རྐུ་འཕྲོག་བསླུ་གསུམ།” “འཆལ་རྒྱན་དུག་གསུམ”སོགས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཤུགས་ཆེན་བཏང་སྟེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་“ཧྥེང་ཆའོ”རྣམ་པ་གསར་པ་བསྐྲུན་དགོས།
འཐུས་མི་རྣམ་པ། ང་ཚོས་སྔར་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན། འཁོལ་ཁྱུར་དམག་མིའི་ཞབས་ཕྱི་འགན་སྲུང་དང་། གཟིགས་སྐྱོང་། “གཉིས་བཀུར”མཉམ་སྐྲུན། མི་དམངས་མཁའ་ཟོན་སོགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་པ་དང་། དམག་དམངས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོག་མཐའ་བར་གསུམ་དུ་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་གོར་མོ་རྡོ་བཞིན་བརྟན་པར་བྱ་དགོས།
གསུམ། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱག་དགོས།
འཐབ་ལམ་གསར་པར་འབད་པས་བསྐྱོད་ན་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་འཛིན་དགོས་པ་དང་། སྔར་ལས་ལྷག་པར་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་དང་། དོན་འཁྱོལ་ལ་སྐུལ་འདེད། དོན་འཁྱོལ་ལ་འགན་སྲུང་བཅས་བྱེད་པ་དང་། ལས་བྱེད་པས་ལས་ལ་འབད་དགོས་ཤིང་། རིག་ལམ་གསལ་དགོས། རང་གཅུན་དམ་དགོས་ཞེས་པ་དངོས་གནས་བསྒྲུབ་ཐུབ་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཁན་དང་། འགུལ་སྐྱོད་མཁན། ལས་སྒྲུབ་མཁན་བཅས་བྱ་དགོས།
ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དོན་འཁྱོལ་ལ་དམ་འཛིན་བྱ་དགོས། ཆབ་སྲིད་ལེགས་སྐྱོང་བྱེད་པ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་ཟབ་དང་“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད་དང་འགུལ་སྐྱོད་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོ་ཡོང་བར་བྱ་དགོས་ལ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་མི་ཆད་པར་ཇེ་མཐོར་བཏང་སྟེ། ཏང་གི་མགོ་ཁྲིད་དེ་སྲིད་གཞུང་གི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱ་དགོས། “གྲོས་རིམ་དང་པོའི”ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། བརྒྱུད་བསྒྲགས་སློབ་སྦྱོང་དང་། ཞིབ་འཇུག་བཀོད་སྒྲིག སྐུལ་འདེད་ཞིབ་བཤེར། མཇུག་འབྲས་སྙན་ཞུ་བཅས་བརྒྱུད་རིམ་ཡོངས་ཀྱི་བྱ་བའི་ཟུམ་གདུབ་འཐུས་ཚང་དུ་བཏང་སྟེ། སྔར་བས་ཤུགས་ཆེ་ཞིང་གོ་ཆོད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱ་དགོས།
ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱ་དགོས། ཁྲིམས་སྐྱོང་སྲིད་གཞུང་གི་དཔེ་སྟོན་གསར་འཛུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་བཅོས་སྒྱུར་གྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏིང་ཟབ་བྱེད་པ་དང་། སྲིད་འཛིན་ཇུས་གཅོད་གལ་ཆེན་གྱི་གོ་རིམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་ཅིང་། སྲིད་འཛིན་ཁྲིམས་བསྟར་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། དམངས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བཅས་བྱ་དགོས། དམངས་ཆེན་འཐུས་མིའི་དགོངས་འཆར་དང་སྲིད་གྲོས་ཀྱི་གྲོས་གཞི་སྤུས་ཚད་མཐོན་པོས་སྒྲུབ་པ་དང་། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་བས་ལེགས་པོ་འདོན་པར་རྒྱབ་སྐྱོར་བྱ་དགོས་ལ། མུ་མཐུད་དུ་སྲིད་དོན་ཡོངས་བསྒྲགས་ཟབ་སྤེལ་བྱས་ཏེ། སྲིད་གཞུང་གི་བྱ་བ་སྔར་བས་ཕྱི་གསལ་ནང་གསལ་ཡོང་བར་བྱ་དགོས།
ནུས་པ་དང་འཇོན་ཐང་ཇེ་ཆེར་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱ་དགོས། ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་གྱི་ཐབས་ཤེས་དང་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། བསམ་བློའི་གོམས་སྟོབས་དང་ཐབས་ལམ་ཞེན་ཆགས་དོར་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་དངོས་དང་བྱ་བ་བཟང་བོ་མང་ཙམ་བསྒྲུབ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ་བཅས་ཀྱི་འཇོན་ཐང་ཇེ་ཆེར་གཏོང་བ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་སྒོ་ནས་གོ་སྐབས་བཟང་བོ་ཡོད་ཚད་དམ་འཛིན་དང་ཆ་རྐྱེན་བཟང་བོ་ཡོད་ཚད་བེད་སྤྱོད་བྱ་དགོས་ལ། ཐོག་འབེབས་རླུང་འཚུབ་ལྟ་བུའི་མྱུར་སྒྲུབ་དངོས་སྒྲུབ་བྱ་དགོས། “བསྡུར”འདོད་ཀྱི་ངར་ཤུགས་འཕེལ་བ་དང་། “སློབ”འདོད་ཀྱི་བློ་ཤུགས་རྒྱས་པ། “སྙེག”འདོད་ཀྱི་སྒུལ་ཤུགས་སློང་བ། “བརྒལ”འདོད་ཀྱི་སེམས་ཤུགས་དྲག་པ་བཅས་བྱེད་ཅིང་། དོན་གང་ཞིག་ཐག་བཅད་ན་དེ་སྒྲུབ་པ་དང་། དོན་གང་ཞིག་བསྒྲུབས་ཡོང་ན་དེ་འགྲུབ་པར་བྱས་ཏེ། བྱ་བ་སོ་སོ་སྔོན་བརྩོན་ཡར་རྒྱས་ཡོང་བ་དང་སྤུས་འདེགས་ལེགས་གཏོད་བྱེད་པར་སྐུལ་འདེད་གཏང་དགོས།
བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྲུང་རགས་བརྟན་པོ་བཙུགས་ནས། གྱོད་དཔེས་ཡོ་བསྲང་ལ་སྐུལ་བའི་ཆེད་དམིགས་སློབ་གསོ་སྒྲིག་བཅོས་དང་སྤྱོད་ཚུལ་གྱི་འབུར་ཐོན་གནད་དོན་ཀྱི་ཆེད་དམིགས་སྒྲིག་བཅོས་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། དངོས་གནས་“སྤྱོད་ངན་བཞི”བཅོས་སྒྲིག་མཐར་ཕྱིན་བྱ་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་འབྲས་ལྟ་བ་བརྟན་པོར་བཙུགས་ནས། མང་ཚོགས་ལ་སེམས་འཕྲེང་བ་དེ་འགན་སྒྲུབ་བརྒྱུད་རིམ་ཧྲིལ་པོར་མཚོན་པར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏང་དགོས་ལ། རང་རྟོགས་ངང་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་དྲི་དགོས། རྣམ་འགྱུར་བཟང་པོས་“ཨར་ལས་རུ་དཔོན”ཡག་པོ་བྱེད་པ་དང་། ལྟ་བཤེར་དང་སྐུལ་འདེབས་ཀྱི་ཐབས་བཀོད་འཐུས་ཚང་དུ་བཏང་སྟེ། རྒྱུན་མཐུད་ངང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དང་ནུས་པ་ཇེ་ཆེར་གཏོང་བ་དང་། དངོས་དོན་སྒྲུབ་པར་རྒྱབ་རྩ་བཀན་མོ་དང་སྐུལ་མ་ཤུགས་ཆེན་བྱ་དགོས།
སྲིད་གཙང་འཛུགས་སྐྱོང་ཇེ་དྲག་ཏུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་ཁུར་མཐའ་གཅིག་ཏུ་འཁུར་ནས། “གནས་གཅིག་འགན་གཉིས”དོན་འཁྱོལ་ནན་ཏན་ཞིབ་ཚགས་བྱེད་པ་དང་། འགན་ཁུར་གསལ་ཐོ་དང་། བསྐོང་འདྲི་དྲན་སྐུལ། འགན་བསྒྲུབས་སྙན་ཞུ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས། གཅིག་བསྡུས་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཡག་པོ་སྤེལ་ནས། རྩིས་བཤེར་དང་བསྡོམས་རྩིས། ནོར་དོན་རྩིས་གཉེར་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དངུལ་རྩ་དང་རྒྱལ་དབང་ཁེ་ལས། ནུས་ཁུངས། སྨན་བཅོས། རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་སྒྲིག་བཅོས་གཏིང་ཟབ་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བྱེད་པའི་ནུས་པ་དང་ཆུ་ཚད་དངོས་གནས་ཇེ་མཐོར་བཏང་ནས། ལྷག་བསམ་རྣམ་དག་གིས་མི་དམངས་ལ་དོན་དག་བསྒྲུབ་དགོས།
འཐུས་མི་རྣམ་པ། མཚོ་སྔོན་མི་དམངས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་གཞུང་རྒྱུད་དྲང་ཞིང་བློ་གྲོས་ལྡན་ལ། མཐོ་སྒང་ས་གཞི་ཆེན་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་མདུན་ལམ་རྒྱ་ཆེན་པོ་ཡོད་པས། རང་ཞིང་ནི་ལོ་རྒྱུས་སྟེང་འཕེལ་རྒྱས་ཡག་ཤོས་ཀྱི་དུས་སྐབས་སུ་གནས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། མངག་བཅོལ་ཡིད་ལ་དམ་བཅངས་དང་བཀའ་དྲིན་དྲན་བཞིན་ཡར་བརྩོན། མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་བའི་འཐབ་ལམ་གསར་པའི་ཐོག་ཏུ་སྔར་བས་ངོ་མཚར་ཆེ་བའི་མཚོ་སྔོན་གྱི་ལེའུ་གསར་པ་བརྩམ་དགོས།། །།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།