2024ལོའི་མཐོ་རྒྱུགས་སྐབས་གནས་ཚུལ་འདི་དག་ལ་ཡིད་འཇོག་དང་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཐོ་རྒྱུགས་ནི་རྒྱ་ཆེའི་སློབ་མ་རྣམས་ཀྱི་མི་ཚེའི་ཁྲོད་ཀྱི་རྒྱུགས་ཆེན་པོ་ཞིག་ཡིན་ཞིང་། རྒྱུགས་སྤྲོད་སློབ་མའི་བདེ་རྩར་ཐུག་པས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། 2024ལོའི་མཐོ་རྒྱུགས་ལ་ཉེ་བའི་སྐབས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་རྣམ་པ་ལེགས་སྒྲིག་ཧུར་ཐག་དང་བག་ཕེབས་གོ་རིམ་ལྡན་པའི་སྒོ་ནས་རྒྱུགས་སྤྲོད་ལ་གྲ་སྒྲིག་བྱེད་བཞིན་ཡོད་མོད། འོན་ཀྱང་ཁྲིམས་འགལ་པ་ཁག་གཅིག་གིས་དཔལ་འབྱོར་ཁེ་ཕན་ལ་དམིགས་ཏེ། རྒྱུགས་སྤྲོད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་དང་ལྐོག་ཚོང་ལ་བརྟེན་ནསམི་སེམས་ཟིང་ཟིང་བཟོ་བ་མ་ཟད། ཐ་ན་རྒྱུགས་སྤྲོད་སློབ་མར་མགོ་སྐོར་དང་ལྐོག་ལྟ་ཐུབ་པར་འཇམ་ཁྲིད་སོགས་བྱས་ནས་རྒྱུགས་སྤྲོད་སློབ་མ་བསྡུ་རུབ་ཀྱི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་གཏོང་གི་ཡོད།

དེར་བརྟེན་སློབ་གསོ་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ཉེ་བའི་ལོ་ཤས་རིང་ཐོན་པའི་མཚོན་དཔེ་ཁག་ཅིག་ལེགས་སྒྲིག་བྱས་པ་ཟད། ད་དུང་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་རྣམས་ལ་ངེས་པར་དུ་དོགས་ཟོན་ཆེན་པོ་བྱས་ཏེ། མགོ་སྐོར་འོག་མི་ཚུད་པར་དུས་ལྟར་རྒྱུགས་རར་ཞུགས་ཐུབ་པར་འགན་ལེན་་བྱེད་དགོས་ཞེས་དྲན་སྐུལ་ནན་པོ་བྱས་འདུག 

གཅིག  མཐོ་རྒྱུགས་ལྐོག་ལྟ་སྒྲིག་འཛུགས་བྱས་ན་ཁྲིམས་ཀྱི་རྒྱ་ལས་གཡོལ་མི་ཐུབ།

[ཁྲིམས་སྲོལ ]ལྟར་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ནང་རྒྱལ་ཁབ་ཀྱི་རྒྱུགས་ལེན་ཁྲོད། “ལྐོག་ལྟ་སྒྲིག་འཛུགས་བྱེད་མཁན”དང་“རྒྱུགས་སྤྲོད་སློབ་མར་རྒྱུགས་གཞི་དང་དྲིས་ལན་འདོན་སྤྲོད་བྱེད་མཁན”ཚང་མ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་གཏོགས་ཞེས་གཏན་འབེབས་གསལ་པོ་བྱས་ཡོད། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡིག་རྒྱུགས་ལྐོག་ལྟ་སོགས་ཉེས་དོན་གྱོད་གཞི་སྒྲུབ་པར་བཅའ་ཁྲིམས་སྤྱད་འཐུས་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》ནང་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བསྡུ་བའི་རྒྱུགས་ལེན་དང་། ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་སོགས་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་ཁྲོད་ལྐོག་ལྟ་སྒྲིག་འཛུགས་བྱས་རིགས་ལ“གནས་ཚུལ་ཚབས་ཆེན”གྱི་བྱ་སྤྱོད་ལ་ངོས་འཛིན་བྱས་ནས། དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས་པ་གསལ་འབེབས་བྱས་ཡོད།

[གསལ་འདེབས་ཞུ་དོན]ཉེ་བའི་ལོ་ཤས་རིང་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོ་ལས་ཁུངས་དང་མཉམ་དུ་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་བྱ་འགུལ་སྣ་ཚོགས་ལ་མགོ་གནོན་ཅི་ཐུབ་ཀྱིས་མུ་མཐུད་དུ་རྡུང་རྡེག་གཏོང་བཞིན་ཡོད།  རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་ངེས་པར་དུ་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་དང་། ཁྲིམས་ཤེས་ཁྲིམས་སྲུང་ཅན་ཞིག་བྱས་ནས་ཚེ་གང་ལ་འགྱོད་པའི་ལས་ལ་མི་ཞུགས་ཤིང་མི་བསྒྲུབ་རྒྱུ་གལ་ཆེ་ཞེས་གསལ་འདེབས་བྱས།

གཉིས། “ལི་ཀུའེ”མཐའ་མཇུག“ལི་ཁུའེ”རུ་འགྱུར་དཀའ་བའི་དཔེ་ལྟར་རང་སྟེང་ནས་ཁྲིམས་ཀྱི་ཉམས་ཚོད་བླངས་ན་མཇུག་འབྲས་ངན་པ་མྱོང་ངེས།

"ཁྲིམས་སྲོལ། "《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་ཁྲོད། “ལྐོག་ལྟ་སྒྲིག་འཛུགས་བྱེད་མཁན”དང་“མི་གཞན་གྱི་ཚབ་བྱེད་པའམ་ཡང་ན་མི་གཞན་གྱིས་རང་ཉིད་ཀྱི་ཚབ་བྱེད་དུ་བཅུག་ནས་རྒྱུགས་ལེན་དུ་འཇུག་མཁན”ཚང་མ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་གཏོགས་ཞེས་གཏན་འབེབས་གསལ་པོ་བྱས་ཡོད།

"དྲན་སྐུལ"ཉེ་བའི་ལོ་ཤས་རིང་ལག་རྩལ་གསར་པ་ཁག་ཅིག་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་དོ་དམ་ཐད་རིམ་བཞིན་སྤྱོད་རྒྱུ་དང་ཚབ་རྒྱུགས་རྒྱག་པ་སོགས་ལྐོག་ལྟའི་བྱ་སྤྱོད་སྔོན་འགོག་ནན་པོ་བྱེད་ཀྱི་ཡོད། མཐོ་རྒྱུགས་ཀྱི་སྦྱངས་འབྲས་གལ་ཆེན་ཡིན་མོད། འོན་ཀྱང་ཁ་དན་ཚིག་གནས་ཀྱི་གཤིས་རྒྱུད་དེ་མིའི་མི་ཚེ་གང་བོའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། ཁྲིམས་འགལ་པའི་མགོ་སྐོར་ལ་ཡིད་ཆེས་མི་རུང་ལ།  སྟེས་དབང་གིས་མི་གཞན་གྱི་ཚབ་ཏུ་འཇུག་པའམ་ཡང་ན་མི་གཞན་གྱིས་རང་ཉིད་ཀྱི་ཚབ་བྱས་ནས་རྒྱུགས་ལེན་དའང་་འཇུག་མི་རུང་། རང་ཉིད་ཀྱིས་ཁྲིམས་ཀྱི་ཉམས་ཚོད་བླངས་ན་མཐར“མཇུག་འབྲས་ངན་པ་མྱོང”ངེས་རེད།

གསུམ། བདེ་འཇགས་ཞིབ་བཤེར་གྱི“སྒྲིག་ཆས”ལ་གཡོལ་ནས་ལྐོག་ལྟ་ལེགས་འགྲུབ་མ་བྱུང་ན་ཡང་མི་ཚེའི་མདུན་ལམ་བརླག་འགྲོ།

"ཁྲིམས་སྲོལ་ལྟར་ན"མཐོ་རྒྱུགས་ནི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་ཡིན། 《རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་སྒྲིག་འགལ་ཐག་གཅོད་བྱེད་ཐབས》ནང་ཆ་འཕྲིན་བསྐུར་བའམ་བསྡུ་ལེན་གྱི་ནུས་པ་ལྡན་པའི་སྒྲིག་ཆས་འཁྱེར་ན་རྒྱུགས་ལེན་གཡོ་ལས་ལ་ངོས་འཛིན་པས། རྒྱུགས་ལེན་པས་མིང་ཐོ་འགོད་པ་དང་རྒྱུགས་རར་ཞུགས་པའི་དུས་རིམ་སོ་སོ་དང་རིག་ཚན་སོ་སོའི་རྒྱུགས་སྐར་ཚང་མ་ཆོད་མེད་ནུས་མེད་ཡིན་པ་གཏན་འབེབས་ཁ་གསལ་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》ནང་རྒྱུགས་སྤྲོད་སློབ་མས་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་ཁྲོད་ལྐོག་ལྟ་ཡོ་བྱད་དང་དཔྱད་གཞིའི་ཡིག་རིགས་འཁྱེར་བའམ་ཡང་ན་བེད་སྤྱོད་བྱས་ནས་གནས་ཚུལ་ཚབས་ཆེན་བྱུང་ཚེ་སློབ་གསོ་སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་ལོ་གཅིག་ཡན་ནས་ལོ་གསུམ་མན་བར་ཞུགས་མཚམས་འཇོག་དགོས་པའི་བཀའ་དཀྲི་རྒྱུ་དང་། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་གྲུབ་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་མ་ཟད། ཉེས་གསོག་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

"གསལ་འདེབས་ཞུ་དོན"ཉེ་བའི་ལོ་ཤས་རིང་སློབ་གསོ་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་མཐོ་རྒྱུགས་ལག་འཁྱེར་ཁ་པར་ལ་བརྟེན་ནས་ལྐོག་ལྟ་ཆེད་དོན་བཅོས་སྐྱོང་བཀོད་སྒྲིག་བྱས་ཏེ། རྒྱུགས་རར་ཞུགས་པའི་འགག་སྒོ་དང་རྒྱུགས་ལེན་ལྟ་སྐུལ་འགག་སྒོ་སོགས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ནས་ལག་འཁྱེར་ཁ་པར་སོགས་ཚན་རྩལ་མཐོ་བའི་ཡོ་བྱད་སྤྱད་དེ་ལྐོག་ལྟ་བྱེད་པར་དོགས་ཟོན་ནན་མོ་བྱ་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མ་ཚང་མ་རྒྱུགས་རར་ཞུགས་སྐབས་ཚད་ལྡན་ཅན་གྱི་རྒྱུགས་རའི་ཚད་གཞི་ནང་ལྟར་བརྒྱུད་རིམ་ཧྲིལ་པོ་བརྙན་ལམ་ནས་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་ཡིན་པ་མ་ཟད།    རྒྱུགས་ལེན་མཇུག་འགྲིལ་རྗེས། རྒྱུགས་རའི་བརྙན་ལམ་གཅིག་བསྡུས་ཀྱིས་བསྐྱར་གཏོང་དང་ཞིབ་བཤེར་བྱ་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་རང་རྟོགས་ཀྱིས་རྒྱུགས་རའི་སྒྲིག་སྲོལ་གྱི་བླང་བྱ་ཁག་ལ་བརྩི་སྲུང་དང་། རྒྱུགས་སྤྲོད་ལས་བྱེད་པའི་དོ་དམ་ལ་བརྩི་སྲུང་། ལག་འཁྱེར་ཁ་པར་སོགས་སྒྲིག་འགལ་བཀག་སྡོམ་དངོས་པོ་འཁྱེར་མི་ཆོག་པ་དང་རྒྱུགས་སྤྲོད་སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་རྒྱུགལ་ཆེ། རྒྱུགས་ལེན་ཐེངས་གཅིག་ཕམ་ན་ཕམ་ན་མིན། རང་གི་མི་ཚེ་ཕམ་ན་ཕམ་ནི་ཡིན། 

བཞི། དངུལ་བཏང་ནས་སློབ་ཆེན་ལ་སྐྱེལ་བར་འགན་སྲུང་ཐུབ་རིགས་ཀྱི “གཡོ་འོག”ཏུ་ཚུད་མི་རུང་།

"དྲན་སྐུལ"མཐོ་སློབ་ཀྱི་སློབ་མ་བསྡུ་བར་བརྒྱུད་རིམ་ནན་པོ་ཡོད། མཐོ་རྒྱུགས་ཀྱི་སློབ་མ་བསྡུ་རུབ་ཀྱི་བརྒྱུད་རིམ་ཁྲོད“ནང་ཁུལ་ནས་སློབ་མ་བསྡུ་བ”དང་ཡང་ན“དངུལ་བཏང་ནས་སློབ་གྲྭ་སྐྱེལ་ན་འགན་སྲུང་ཡོད”ཅེས་པའི་སྲོལ་མེད།  རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས“དངུལ་བཏང་ནས་སློབ་ཆེན་གྱི་མི་གྲངས་ཉོ་ཐུབ”དང་“དམིགས་བསལ་གྱི་ཐབས་ལམ་ལ་བརྟེན་ནས་བསྡུ་བ”སོགས་ལ་ཁ་གཡར་ནས་མགོ་སྐོར་གཏོང་བའི་རིགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས། ཚད་ལྡན་གྱི་ཐབས་ལམ་ལ་བརྟེན་ནས་རྒྱུགས་ལེན་སློབ་མའི་སྲིད་ཇུས་དང་ཆ་འཕྲིན་ལ་རྒྱུས་ལོན་གསལ་བོ་བྱས་ནས་གཏན་འཁེལ་བྱ་དགོས། མི་ལེགས་པའི་གསོ་སྦྱོང་ལས་ཁུངས་ཁ་ཤས་དང་ཁྲིམས་འགལ་པ་ཁ་ཤས་ལ་དྲིལ་སྒྲོག་རྫུན་མ་ལ་ཡིད་ཆེས་བྱས་ནས་རྒྱུ་ནོར་ལ་གྱོང་གུན་བཟོ་བ་མ་ཟད། སློབ་མའི་བསྐྱར་སྦྱོང་གི་དུས་ཚོད་རྩ་ཆེན་ལ་འགོར་འགྱངས་བྱེད་དུ་འཇུག་མི་རུང་།

ལྔ། མཐོ་རྒྱུགས་ཀྱི་འདོད་མོས་རེའུ་མིག་ལ་བཟོ་བཅོས་རྒྱག་པ་དང་། ཆ་འཕྲིན་ཕྱིར་ཤོར་ལ་དོགས་ཟོན་བྱ་དགོས།

"དྲན་སྐུལ"མཐོ་རྒྱུགས་ནི་རྒྱུགས་སྤྲོད་སློབ་མའི་མི་ཚེའི་ཁྲོད་ཀྱི་རྒྱུགས་གལ་ཆེན་ཞིག་ཡིན་པས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཞིག་རེད། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་མི་སྒེར་གྱི་རྒྱུགས་སྤྲོད་ལག་ཁྱེར་ཨང་གྲངས་དང་ཐོ་འགོད་གསང་གྲངས་སོགས་ཆ་འཕྲིན་གལ་ཆེན་ཉར་ཚགས་གཟབ་ནན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ནས་མི་སྒེར་གྱི་ཆ་འཕྲིན་གཞན་ལག་ཏུ་ཤོར་བ་དང་ཁྲིམས་འགལ་པས་ཁྲིམས་འགལ་ངང་ཆ་འཕྲིན་བེད་སྤྱོད་བྱས་ནས་མི་སྒེར་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བར་སྔོན་འགོག་བྱེད་དགོས།

དྲུག  “སློབ་མ་སྣོན་བསྡུ”ཐུབ་པའི་གཡོ་ཐབས་ལ་བརྟེན་ནས་རྒྱུགས་ལེན་དང་འབྲེལ་བའི“བྱ་སྤྱོད་ངན་པ”རིགས་རིང་དུ་དོར།

"དྲན་སྐུལ"ཁྲིམས་རྩོད་པ་དང་ཆེད་མཁས་པ་རྣམས་ཀྱིས་འདི་སྐད།  གལ་ཏེ་རྒྱུགས་སྤྲོད་སློབ་མས་བསམ་ངན་བཅངས་ནས་ཆ་འཕྲིན་དེ་རིགས་ཁྱབ་བསྒྲགས་བྱས་ཚེ་རྒྱུགས་ལེན་སྒྲིག་ཁྲིམས་ལས་འགལ་བ་ཕུད། ད་དུང་ཁྲིམས་འགལ་གྱི་དོགས་གཞི་ཡོད་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ན་ད་དུང་ཉེས་གསོག་ཏུ་འགྱུར་སྲིད། གལ་ཏེ་གསོ་སྦྱོང་ལས་ཁུངས་སམ་ཡང་ན་མི་སྣ་གཞན་དག་གིས་ཁྲིམས་འགལ་གྱིས་བདག་བཟུང་ལ་དམིགས་ནས། “སློབ་མ་སྣོན་བསྡུ”ཡི་བྱེད་ཐབས་བརྒྱུད་རྒྱུགས་མ་བླངས་གོང་རྒྱུགས་གཞི་རག་པའམ་ཡང་ན“རྒྱུགས་གཞི་དངོས་གཏའ་འཇོག”གི་ཆ་འཕྲིན་རྟོག་བཟོ་བྱས་ནས་གཞུང་སྒེར་གྱི་རྒྱུ་ནོར་མང་པོ་གཡོ་ལེན་ལ་སོགས་ཀྱི་བྱ་སྤྱོད་ཡོད་ན། ཉེས་གསོག་གི་ངོ་བོ་གྲུབ་ཡོད་པས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་བྱ་སྤྱོད་དེ་རིགས་དང་རིང་དུ་གྱེས་ནས་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་གལ་ཆེ། 

རྩོམ་སྒྲིག་པ། ཨ་གཡང་སྐྱིད།