2024ལོའི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན2717བསྡུ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

《2024ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་བའི་ལས་ཀའི་ཇུས་གཞི》གཞིར་བཟུང་ནས། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གིས(དེའི་ནང་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་། བུ་བཅོལ་ཁང་གི་དགེ་རྒན་འདུ)སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན་བསྡུ་བའི་འཆར་གཞི་གཏན་འཁེལ་བྱས་པ་དང་། ལས་བསྡུའི་ལས་གནས་ཁྱོན2717ཡོད་པ་རེད། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་བསྒྲགས་བྱས་པ་གཤམ་གསལ། 

གཅིག ལས་བསྡུའི་ཁྱབ་ཁོངས། ད་ཐེངས་ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་ཁྱབ་ཁོངས་རྒྱལ་ཡོངས་དང་།ཞིང་ཆེན་དང་ཁུལ་བཅས་སུ་དབྱེ་ཡོད་པ་རེད། 

གཉིས། ལས་བསྡུའི་གོ་རིམ།ཐེངས་འདིའི་ལས་བསྡུ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཡུལ་དངོས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས། ལུས་པོར་བརྟག་དཔྱད། རྟོག་ཞིབ(ཆབ་སྲིད་ཞིབ་བཤེར)ཁྱབ་བསྒྲགས། ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་བསྡུ་རྒྱུ་རེད།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

ཐེངས་འདིའི་ལས་བསྡུར་མིང་ཐོ་འགོད་མཁན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་རྒྱུགས་ལེན་དྲ་བའི(www.qhjyks.com)སྟེང་མིང་ཐོ་འགོད་དགོས་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱས་ནས་དངུལ་སྤྲོད་དགོས་པ་རེད། 

དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ3པའི་ཚེས31ཉིན་གྱི་ཆུ་ཚོད18བར་རེད།

དྲ་ཐོག་ནས་ཆ་འཕྲིན་བཟོ་བཅོས་རྒྱག་པའི་དུས་ཚོད་ནི། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད12བར་རེད།

དྲ་ཐོག་གི་བཤེར་འབེབས་དུས་ཚོད་ནི། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད18བར་རེད།

དྲ་ཐོག་ཏུ་དངུལ་སྤྲོད་པའི་དུས་ཚོད་ནི། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད23དང་སྐར་མ30བར་རེད།

དྲ་ཐོག་གི་སྙོམ་སྒྲིག་དུས་ཚོད་ནི། 2024ལོའི་ཟླ4པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཆུ་ཚོད18བར་རེད།

རྒྱུགས་ལེན་དཔང་ཡིག་དཔར་པའི་དུས་ཚོད་ནི། 2024ལོའི་ཟླ4པའི་ཚེས15ཉིན་གྱི་ཆུ་ཚོད9ནས་ཟླ4པའི་ཚེས20ཉིན་བར་རེད།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི། 2024ལོའི་ཟླ4པའི་ཚེས20ཉིན་རེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།