ཟླ2པའི་ཚེས20ཉིན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པར་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་གྱི་ལྷན་འཛོམས་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པ། ཐེན་ཅིན་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་སྐབས། ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླངས་བྱ་གལ་ཆེན་དེ་དམིགས་འབེན་དང་ཚད་གཞི་རུ་བྱས་ཏེ། “འགོ་བརྩམས་མ་ཐག་གདོང་མཆོང་བྱེད་པ་དང་འགོ་འཛུགས་རྒྱུ་དེས་རྒྱལ་ཕམ་ཕུ་ཐག་གཅོད་པའི”རྣམ་འགྱུར་བཟུང་ནས་གཙོ་གནད་འབུར་ཐོན་དང་འགག་རྩ་དམ་འཛིན། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ། རྣམ་གྲངས་ཅན་དང་གསལ་ཐོ་ཅན་གྱིས་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགོ་ཡག་པོ་རྩོམ་དགོས། ཐོན་སྐྱེད་ནུས་ཤུགས་གསར་མའི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས་ཐོན་ལས་ཀྱི“གནས་བཞི”ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་གསར་བ་དང་། དཔེ་དབྱིབས་གསར་བ། སྒུལ་ནུས་གསར་བ་བཅས་ཟམ་མི་ཆད་པར་གྲུབ་པར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་ཆགས་པར་བྱེད་དགོས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བ་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་ནས་གཏོར་བརླག་ཐེབས་པའི་སྡོད་ཁང་ཉམས་གསོ་དང་བསྐྱར་སྐྲུན། གནས་སྤོར་བཅས་བྱེད་པའི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པར་འགན་ལེན་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ། མཐུན་སྦྱོར་སྐུལ་འདེད་ལ་ཤུགས་སྣོན་པ་བཅས་བྱས་ཏེ་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ཏང་ཀྲུང་དབྱང་གིས་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་འདི་རྒྱུན་འཁྱོངས་བྱེད་པ་དང་། དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། ལག་ལེན་པ་བཅས་བྱེད་དགོས། སྔར་ལས་ལེགས་པའི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྐོར་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་ལ་ཤུགས་སྣོན་པ་དང་སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ངང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཟླ2པའི་ཚེས2ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སྔ་མོ་ནས་དམ་འཛིན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”། རྣམ་གྲངས་དངུལ་གཏོང་། ཚོང་དོན་འཁོར་རྒྱུག བཅོས་སྒྱུར་གསར་གཏོད། དམངས་ཚིས་འགན་ལེན། ཉེན་ཁ་འགོག་སེལ་སོགས་ཀྱི་བྱ་བ་སྣ་ཚོགས་ཡག་པོར་སྒྲུབ་ནས་འགོ་ཡག་པོ་ཞིག་རྩོམ་པ་དང་ལོ་ཧྲིལ་བོར་མཇུག་འབྲས་ཡག་པོ་ཞིག་ལེན་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བར་བྱ་བ་བསྟུར་མར་སྤེལ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། སྲིད་སྐྱོང་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བྱེད་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་འབུར་ཐོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔར་ལས་བྱས་རྗེས་འཇོག་པ་དང་ལས་སྒྲུབ་ལས་སྐྲུན་བྱེད་པར་རྟིང་སྐུལ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་འཕྲིན་བཅར་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཕྲིན་བཅར་གནད་དོན་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགག་སྒྲོལ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། འཕྲིན་བཅར་ཆ་འཕྲིན་ཅན་དུ་བསྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕྲིན་བཅར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང《ས་འོག་ཆུའི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དང《ཚྭ་འདམ་གཞོང་གི་ཆུའི་ཐོན་ཁུངས་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་སྡུར་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་བར་མ་ཟད། སྔར་ལས་བཟོ་བཅོས་དང་འཐུས་ཚང་དུ་བཏང་རྗེས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།