རང་རེའི་དྲ་བའི་འཕྲིན།ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་དང་དབྱི་ལིང་གི་ཨར་ཏ་པེ་ལེ་ཞིང་ཆེན་གྱི་ཐོན་ལས་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་ཨར་ཏ་པེ་ལེ་ཞིང་ཆེན་གྱི་ཧྲིན་ཀྲང་སའེ་དབྱི་ཏི·ཧ་མོ་ཏི·ཨ་མའེ་ལི་ཡིས་ཤིས་ཚིག་ཕུལ་བར་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་སྔོན་ཞིང་ཆེན་དང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའར་ཏ་པི་ལེ་ཞིང་ཆེན་བར་མཛའ་མཐུན་ཞིང་ཆེན་གྱི་འབྲེལ་བ་འཛུགས་པའི་བསམ་འཆར་ཡི་གེ》ལ་མིང་རྟགས་བཀོད།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་ཧྲིན་ཀྲང་ཨ་མཱེ་ལེ་སོགས་མཚོ་སྔོན་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། གནའ་བོའི་དར་གོས་ཚོང་ལམ་དེས་ལེ་དབར་ཁྲི་ཡི་བར་ཐག་ཆོད་པའི་ཀྲུང་གོ་དང་དབྱི་ལིང་མཉམ་དུ་སྦྲེལ་ཡོད་ལ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཡིས་ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་དུ་སྤེལ་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བཏོད་ནས་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་བསྐྲུན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་བླངས་ཡོད། མཚོ་སྔོན་དང་ཨར་ཏ་པེ་ལེ་ཞིང་ཆེན་གྱི་མཉམ་ལས་ལ་རྨང་གཞི་བཟང་བོ་དང་མདུན་ལམ་རྒྱ་ཆེན་པོ་ལྡན། ང་ཚོས་ཨར་ཏ་པེ་ལེ་ཞིང་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་ནུས་ཁུངས་གཙང་མ་དང་ཞིང་ལས། དཔལ་འབྱོར་ཚོང་དོན། ཡུལ་སྐོར། དམངས་ཚིས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་རིན་ཐང་གསར་བ་མཉམ་སྤྱོད་བྱེད་པ། དྭངས་གཙང་ནུས་ཁུངས་ཀྱི་སྒུལ་ནུས་གསར་བར་མཉམ་དུ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་གྱི་གནས་མཆོག་གསར་བ་མཉམ་དུ་གཏོད་པ། ལྗང་མདོག་སྐྱེ་ལྡན་གྱི་སྤུས་རྟགས་གསར་བ་གཏོད་པ་བཅས་བྱས་ནས་ས་གནས་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་དུ་གཏོད་འདོད་ཡོད།
ཨ་མཱེ་ལེ་ཡིས་བསྟན་དོན། དབྱི་ལིང་དང་ཀྲུང་གོ་ནི་ཨེ་ཤ་ཡའི་སྐམ་ས་ཆེན་མོར་གནས་པ་དང་། གནའ་སྔ་མོ་ནས“རྒྱུད་གཅིག་ལམ་གཅིག”སྟེང་གི་ཟླ་གྲོགས་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན། ཨར་ཏ་པེ་ལེ་དང་མཚོ་སྔོན་བར་ལེ་དབར་ཁྲི་ཡི་བར་ཐག་ཡོད་མོད། འོན་ཀྱང་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་ནུས་ཁུངས་འདྲ་མཚུངས་ཡིན་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་གསབ་རེས་རང་བཞིན་ཆེན་པོ་ལྡན། ད་ལོའི་ཟླ་བདུན་པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་དབྱི་ལིང་ལ་འཚམས་འདྲི་བྱེད་པའི་སྐབས་སུ་ཞིང་ཆེན་གཉིས་དབར་མཉམ་ལས་ཀྱི་གྲོས་མཐུན་མང་བོ་བཀོད་པ་དང་། འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད་དེ་ཞིང་ཆེན་གཉིས་ཀྱི་མཛའ་མཐུན་འགྲོ་འོང་དང་ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། ད་ཐེངས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་ནས་ཞིང་ཆེན་གཉིས་བར་གྱི་ཐོན་ལས་འབྲེལ་མཐུད་དང་རྣམ་གྲངས་གྲོས་མོལ་ལ་སྔར་ལས་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ཁག་ཅིག་ཐོབ་པར་བྱས་ནས་ཞིང་ཆེན་གཉིས་བར་གྱི་མཛའ་མཐུན་འབྲེལ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད། རྗེས་ཕྱོགས་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྔར་ལས་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་རྒྱུ་ཡིན།
ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་དང་མཐུན་ཚོགས་ཀྱིས་ཨར་ཏ་པེ་ལེ་ཞིང་ཆེན་གྱི་ཚོང་ཚོགས་བར་དུ་མཉམ་ལས་གྲོས་མཐུན་བཀོད།
ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་འགོ་འཛིན་བྱས།
ལོ་ཙཱ་བ། ཤ་མོ་འཚོ།
རྩོམ་སྒྲིག་པ། ཤ་མོ་འཚོ།